མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཚེས8ཉིན་གྱི་དགོང་མོར་སོ་ཆི་གྲོང་ཁྱེར་འདབས་རོལ་གྱི་ཙུང་ཐུང་བཞུགས་ཤག་ནས་གྲོས་མོལ་བྱས་པ་དང་། དེ་ནི་ཨན་པེ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྗེས་ཐེངས་ལྔ་བར་ཨུ་རུ་སིའི་མགོ་གཙོར་གྲོས་མོལ་བྱས་པ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་དང་མེ་གླིང་སོགས་ཀྱི་རྒྱལ་ཁབ་དག་གིས་སྔ་གཞུག་ཏུ་སོ་ཆིའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་མི་ཞུགས་རྒྱུའི་ཐག་བཅད་པས། ཨན་པེ་ཡིས་གནས་ཚུལ་འདི་འདྲའི་འོག་ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་དང་ལེན་བྱས་ན། ཕྱོགས་གཉིས་བར་གྱི་ཡིད་རྟོན་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ་པར་འདོད་པས། དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུའི་ཐག་བཅད་པ་ཡིན་ལ། དེ་ནི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཐོག་དང་པོར་ཕྱི་རྒྱལ་ནས་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་པེ་ཡིས་གྲོས་མོལ་བྱེད་སྐབས་འཇར་པན་གྱིས་ཞི་བདེ་རིང་ལགས་ཀྱི་ལངས་ཕྱོགས་བཟང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ཀྱི་ཆེད་དུ་བྱས་རྗེས་གང་ལེགས་འཇོག་རྒྱུ་ཡིན་པའི་བྱེད་ཕྱོགས་དེ་ཡང་བསྐྱར་གླེང་། དེས་མི་ཚད་ཨན་པེ་ཡིས་ད་དུང་འཇར་པན་གྱིས་བདེ་འཇགས་ཁྱབ་ཁོངས་ནས་ཀྱང་ཨུ་རུ་སི་ལ་མཉམ་ལས་དམ་པོ་བྱེད་འདོད་ཡོད་ཅེས་བཤད།

མགོ་གཙོའི་བར་གྱི་གྲོས་མོལ་རྒྱུན་མི་ཆད་པར་བྱེད་ཆེད། གྲོས་མོལ་བྱེད་སྐབས་ཨན་པེ་ཡིས་ཨུ་རུ་སི་ཕྱོགས་ལ་ད་ལོའི་ཟླ་དྲུག་པར་སོ་ཆི་ནས་འཚོགས་རྒྱུ་ཡིན་པའི་རྒྱལ་ཁབ་བརྒྱད་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྟེང་ཡང་བསྐྱར་འཇར་པན་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་མ་ཟད། ཕུའུ་ཅིན་གྱིས་ད་ལོའི་སྟོན་ཁར་འཇར་པན་ལ་འཚམས་འདྲི་བྱེད་པའི་འཆར་གཞི་གཏན་འབེབ་བྱེད་རྒྱུ་ཡིན་པ་ཡང་བསྐྱར་བདེན་དཔང་བྱས། དེའི་རྗེས་སུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཨན་པེ་ཡིས་འཇར་པན་དང་ཨུ་རུ་སིས་ངེས་པར་དུ་བྱང་ཕྱོགས་གླིང་བཞིའི་གནད་དོན་མྱུར་དུ་ཐག་བཅད་ནས་ཞི་བདེའི་ཆིངས་ཡིག་འགོད་དགོས་པ་ལས། གནད་དོན་འདི་མི་རབས་རྗེས་མར་བསྐྱུར་མི་རུང་ཞེས་བཤད།

ཨུ་རུ་སིའི་ཁན་ཁྲ་ཅ་ཕྱེད་གླིང་དང་འཇར་པན་གྱི་པེ་ཧེ་ཏའོ་བར་དུ་སྟོང་གླིང་གླིང་ཚོམས་ཟེར་བ་ཞིག་ཡོད་ལ། ཨུ་རུ་སི་དང་འཇར་པན་གཉི་གས་གླིང་ཚོམས་དེའི་ལྷོ་ཕྱོགས་ཀྱི་གླིང་བཞི་ལ་བདག་རྒྱག་བཞིན་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས། གླིང་བཞི་བོ་དེར་དོན་དངོས་སུ་ཨུ་རུ་སིས་བདག་འཛིན་བྱེད་བཞིན་ཡོད་ལ། གླིང་བཞིའི་བདག་དབང་ཐད་ཀྱི་རྩོད་གཞི་ཧ་ཅང་ཆེ་བས། རྒྱལ་ཁབ་གཉིས་བར་ད་བར་དུ་ཞི་བདེའི་ཆིངས་ཡིག་འགོད་ཐུབ་མེད། གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་འཇར་པན་སྲིད་གཞུང་གིས་ཟླ་གཉིས་པའི་ཚེས་བདུན་ཉིན་དེ་བྱང་ཕྱོགས་མངའ་ཁོངས་ཉིན་མོར་གཏན་ཁེལ་བྱས་རྗེས། ལོ་རེ་རེའི་ཉིན་དེར་བྱང་ཕྱོགས་ཀྱི་མངའ་ཁོངས་ཕྱིར་ལེན་པའི་རྒྱལ་ཡོངས་ཚོགས་ཆེན་བསྡུ་བ་སོགས་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག