མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མུའུ་ཧྲ་ལ་ཧྥུའུ་ཡིས་ཟླ་འདིའི་ཟླ་དཀྱིལ་དུ་ཐེངས་དང་པོར་འདྲི་གཅོད་དང་ལེན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལ་ཧྥུའུ་ཡི་ཁྲིམས་རྩོད་པས་ཚེས7ཉིན་མུའུ་ཧྲ་ལ་ཧྥུའུ་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་རེ་བ་ལྟར་དུ་ཁྲིམས་རར་ཐོན་ནས། ཁོར་རྒྱལ་ཁབ་ལ་ངོ་རྒོལ་བྱས་པའི་ཉེས་མིང་བཏགས་པའི་སྐོར་ནས་འདྲི་གཅོད་དང་ལེན་བྱེད་རྒྱུ་རེད་ཟེར།

ད་ལོར་ལོ་བདུན་ཅུ་ལ་བུད་པའི་མུའུ་ཧྲ་ལ་ཧྥུའུ་ཡིས་སྤྱིར་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཁྲིམས་རར་ཐོན་ནས་འདྲི་གཅོད་སྔོན་གྱི་འདྲི་ཞིབ་དང་ལེན་བྱེད་དགོས་མོད། ཁྲིམས་རར་འགྲོ་སའི་བགྲོད་ལམ་གྱི་འགྲམ་དུ་འགད་རྫས་ཡོད་པ་ཤེས་པས་དོན་དག་དེ་གནས་སྐབས་སུ་རྗེས་ལ་བསྣུར། ད་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་མུའུ་ཧྲ་ལ་ཧྥུའུ་ཁྲིམས་ཁང་དུ་འགྲོ་བའི་ལམ་བར་དུ་སྙིང་ནད་འཕར་ཏེ་སྨན་ཁང་ལ་བསྐྱལ་བས་དོན་དག་དེ་ཡང་བསྐྱར་རྗེས་སུ་བསྣུར་དགོས་བྱུང་།

དེའི་རྗེས་སུ་མུའུ་ཧྲ་ལ་ཧྥུའུ་ཡིས་ཨ་མེ་རི་ཁར་སྨན་བཅོས་བྱེད་པར་འགྲོ་རུ་འཇུག་རྒྱུའི་རེ་བ་བཏོན་མོད། ཡིན་ནའང་ཟླ་དང་པོའི་ཚེས་སོ་གཅིག་ཉིན་དམིགས་བསལ་ཁྲིམས་རས་རེ་བ་དེ་དང་ལེན་མ་བྱས་པ་མ་ཟད། ཁོ་ཟླ་གཉིས་པའི་ཚེས་བདུན་ཉིན་ཁྲིམས་རར་ཐོན་དགོས་པའི་རེ་བ་བཏོན།

ཚེས་བདུན་ཉིན་མུའུ་ཧྲ་ལ་ཧྥུའུ་སྔར་བཞིན་དམིགས་བསལ་ཁྲིམས་རའི་འདྲི་གཅོད་བྱེད་སར་མ་ཐོན་མོད། ཡིན་ནའང་འདྲི་གཅོད་ཁྲིམས་དཔོན་གཙོ་བོ་ཧྥེ་ས་ཨར་གྱིས་ཁྲིམས་རྩོད་པའི་མུའུ་ཧྲ་ལ་ཧྥུའུ་ཚེས་བཅོ་བརྒྱད་ཉིན་ཁྲིམས་རར་ཐོན་རྒྱུའི་རེ་བ་དེར་ཆོག་མཆན་བཀོད།

ཉིས་སྟོང་བདུན་ལོའི་ཟླ་བཅུ་གཅིག་པར། ཕ་ཁི་སི་ཐན་གྱི་ཙུང་ཐུང་གི་ཞོར་དུ་སྐམ་དམག་ཇུས་འདོན་དཔོན་གྱི་འགན་ཁུར་བའི་མུའུ་ཧྲ་ལ་ཧྥུའུ་ཡི་ཛ་དྲག་གི་གནས་བབ་ཏུ་ཚུད་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྲིམས་དཔོན་དྲུག་ཅུའི་དབང་ཆ་བླངས་པ་དང་མི་རྣམས་ཀྱིས་ཁོའི་སྤྱོད་ཚུལ་དེ་རྩ་ཁྲིམས་དང་འགལ་བར་འདོད་ཡོད། ཕ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་མུའུ་ཧྲ་ལ་ཧྥུའུ་ཡིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་བཏགས་ནས་གཏུག་བཤེར་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་མི་གསུམ་གྱིས་གྲུབ་པའི་དམིགས་བསལ་ཁྲིམས་ར་བཙུགས། གལ་ཏེ་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ནག་ཉེས་དོན་དང་མཐུན་པར་གྱུར་ཚེ། མུའུ་ཧྲ་ལ་ཧྥུའུ་ལ་སྲོག་ཆད་གཅོད་པའམ་ཡང་ན་ཚེ་བཙོན་དུ་འཇུག་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག