མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སི་རི་ཡའི་འཁྲུག་རྩོད་ཀྱིས་རང་རྒྱལ་གྱི་བདེ་འཇགས་ལ་འཇིགས་སྣང་བཟོ་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་པུའུ་ཀྲང་གསར་བ་ཡེའོ་ཧན་ཞུན་གྱིས་ཚེས7ཉིན་སི་རི་ཡའི་འཁྲུག་རྩོད་དེ་ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་ཀྱི་གནད་དོན་ཅིག་ཏུ་གྱུར་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཨ་མེ་རི་ཁའི་མི་ཉུང་ངུ་ཞིག་སི་རི་ཡར་དམག་འཁྲུག་རྒྱག་ཏུ་སོང་བ་མ་ཟད་ཕྱིར་ཨ་མེ་རི་ཁར་ཡོང་ཡོད་ལ། དེས་རྒྱལ་ནང་གི་བདེ་འཇགས་ལ་འཇིགས་སྣང་བཟོ་སྲིད་ཅེས་བཤད།

ཡེའོ་ཧན་ཞུན་གྱིས་ཉིན་དེར་ཝ་ཧྲིན་ཏོན་གྱི་བློ་འདྲི་ལས་ཁུངས་ཤིག་ནས་ན་ནིང་གི་ཟླ12པར་འགན་ཁུར་རྗེས་ཀྱི་གཏམ་བཤད་གཙོ་བོ་ཐོག་མ་གནང་སྐབས། ཁོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དཔོན་རིགས་གཞན་པས་སི་རི་ཡར་སོང་བའི་ཕྱི་རྒྱལ་གྱི་དམག་འཁྲུག་རྒྱག་མཁན་གྱི་གནས་ཚུལ་སྐོར་ལ་ཡུན་རིང་རྩད་གཅོད་བྱས་པ་དང་། དེའི་ནང་དུ་ཨ་མེ་རི་ཁ་དང་ཁ་ན་ཏ། ཡོ་རོབ་རྒྱལ་ཁབ་བཅས་ཀྱི་མི་ཡོད་ཅེས་བཤད།

ཡེའོ་ཧན་ཞུན་གྱིས་བཤད་རྒྱུར། ཆོས་ལུགས་ཐལ་སྐྱོད་དྲག་ཆས་མི་སྣས་ནུབ་ཕྱོགས་པ་སི་རི་ཡ་རུ་བཀུག་ནས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། དེའི་རྗེས་སུ་ཁོ་ཚོ་རང་སོ་སོའི་རྒྱལ་ཁབ་ལ་མངགས་ཏེ་ཐལ་སྐྱོད་ལས་འགན་སྒྲུབ་ཏུ་འཇུག་གིན་ཡོད། སི་རི་ཡ་ནི་ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་ཀྱི་གནད་དོན་དུ་གྱུར་ཡོད་པས། ཨ་མེ་རི་ཁའི་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་ལས་དམ་པོ་བྱས་ཏེ་ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་ལ་འཇིགས་སྣང་བཟོ་བའི་ཕྱི་རྒྱལ་གྱི་དམག་འཁྲུག་རྒྱག་མཁན་གཏན་ཁེལ་བྱེད་རྒྱུ་ཡིན་ཟེར།

ཡེའོ་ཧན་ཞུན་གྱིས་ཨ་མེ་རི་ཁའི་མི་ཅི་ཙམ་གྱིས་སི་རི་ཡ་ན་དམག་འཁྲུག་རྒྱག་བཞིན་ཡོད་པ་གསལ་བོར་མ་བཤད་མོད། ཡིན་ནའང་མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་གཉིས་ཀྱིས་ཨ་མེ་རི་ཁའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དེར་ཉུང་ན་ཡང་མི50ཡོད་པ་དང་། མི་སྔར་ལས་མང་པོས་ད་དུང་སི་རི་ཡ་རུ་འགྲོ་བར་བསམ་བློ་གཏོང་བཞིན་ཡོད་ཟེར། དེའི་ནང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཨ་མེ་རི་ཁའི་མི་དེ་དག་ཐལ་སྐྱོད་མི་སྣས་བསྡུ་ལེན་དང་སྦྱོང་བརྡར་བྱས་རྗེས། མི་ཁ་ཤས་ཕྱིར་ཨ་མེ་རི་ཁར་ཐོན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་གསང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཁི་ལ་པོ་ཡིས་ཟླ་སྔོན་མར་བཤད་རྒྱུར། ད་སྔ་ཕྱི་གླིང་པ7000ཙམ་གྱིས་སི་རི་ཡ་ན་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཆོས་ལུགས་ཐལ་སྐྱོད་དྲག་ཆས་མི་སྣར་དཔུང་པ་མཉམ་གཤིབ་ཀྱིས་དམག་འཁྲུག་རྒྱག་བཞིན་ཡོད་ལ། ཁོ་ཚོ་རྒྱལ་ཁབ50ཙམ་ནས་ཡོང་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག