མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་མི་སེར་སྐོར་ཞིག་དམག་འཁྲུག་རྒྱག་ས་ཧོ་མུའུ་སི་གྲོང་ཁྱེར་ནས་གཞན་ལ་སྤར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་བར་བཀོད་པའི་མི་ཆོས་གྲོས་ཆོད་གཞིར་བཟུང་ནས། མི་སེར་ཉིས་བརྒྱ་ཙམ་ཚེས7ཉིན་ནས་བཟུང་སི་རི་ཡའི་དབུས་ཕྱོགས་གྲོང་ཁྱེར་ཧོ་མུའུ་སིའི་དམག་འཁྲུག་རྒྱག་ས་ནས་ཕྱིར་འཐེན་བྱས་ཟེར།

ཉིན་དེར་སི་རི་ཡའི་སྲིད་གཞུང་གིས་རི་ནེ་ཝ་ནས་བསྡུ་རྒྱུ་ཡིན་པའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཞེས་བསྒྲགས།

ཧོ་མུའུ་སི་ཞིང་ཆེན་གྱི་ཧྲིན་ཀྲང་ཐ་ལ་ཆི་ཡིས་ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཞི་ལོ་བར་དུ་གྲོས་ཆོད་བཀོད་དེ། སི་རི་ཡའི་སྲིད་གཞུང་ཧོ་མུའུ་སི་གྲོང་ཁྱེར་ནས་གནས་སྐབས་སུ་དམག་འཁྲུག་མཚམས་བཞག་ནས། དམག་འཁྲུག་རྒྱག་སའི་མི་སེར་ཕྱིར་འཐེན་བྱེད་དུ་འཇུག་པ་དང་སྔར་བཞིན་ས་དེ་རུ་འདུག་འདོད་པའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་དུ་འཇུག་པར་འཐད་པ་བྱུང་།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཉིན་གུང་གི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་དྲུག་དང་སྤྱི་སྤྱོད་རླངས་འཁོར་དགུ། ཟླ་གསར་དམར་པོ་ཚོགས་པའི་མྱུར་སྐྱོབ་རླངས་འཁོར་གཉིས་བཅས་ཀྱིས་གྲུབ་པའི་རླངས་འཁོར་རུ་ཁག་ཅིག་སི་རི་ཡའི་སྲིད་གཞུང་དམག་གི་ཚོད་འཛིན་ས་ཁུལ་ནས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་ཚོད་འཛིན་ས་ཁུལ་དུ་བསྐྱོད་ཟེར། སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་དེའི་རྗེས་སུ་བསྒྲགས་རྒྱུར། ད་ལྟ་བྱིས་པ་དང་བུད་མེད། རྒན་པ་ཁ་ཤས་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཟེར།

ཐ་ལ་ཆི་ཡིས་བཤད་ཚུལ་ལྟར་ན། སྐོར་དང་པོར་ཕྱིར་འཐེན་བྱེད་མཁན་གྱི་ནང་དུ་ལོ15ཡི་མན་གྱི་བྱིས་པ་དང་། ལོ་ང་ལྔའི་ཡན་གྱི་སྐྱེས་པ་སྐྱེས་མ་ཡོད་ལ། ལོ་བཅོ་ལྔ་ནས་ལོ་ང་ལྔའི་བར་གྱི་སྐྱེས་པ་རྣམས་དྲག་ཆས་མི་སྣ་ཡིན་སྲིད་པས་ཕྱིར་འཐེན་བྱེད་ཡུལ་གྱི་གྲས་སུ་བཞག་མེད་ཟེར། སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན། ཧོ་མུའུ་སི་གྲོང་ཁྱེར་དུ་མི་སེར་སྟོང་གཉིས་དང་ལྔ་བརྒྱ་ཙམ་གྱིས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་སྲིད་གཞུང་དམག་བར་གྱི་དམག་འཁྲུག་ཁྲོད་དུ་ལུས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག