མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཨ་ལེ་ཕོ་གྲོང་ཁྱེར་གྱི་བཙོན་ཁང་གཙོ་བོ་ཞིག་ལ་བཙན་འཛུལ་བྱས་ཏེ་བཙོན་མ་བརྒྱ་ཕྲག་ཕྱིར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་འགྲོ་མིའི་ཐོབ་ཁང་ལྟ་ཞིབ་ཅེས་པའི་རྩ་འཛུགས་ཀྱིས་ཚེས6ཉིན་བཤད་རྒྱུར། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཉིན་དེར་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་འཐབ་ཇུས་ཀྱི་གནས་གཙོ་བོ་ཨ་ལེ་ཕོ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ལ་བཙན་འཛུལ་བྱས་ཏེ། བཙོན་མ་བརྒྱ་ཕྲག་འགའ་ཕྱིར་བཏང་ཟེར།

ངོ་རྒོལ་ཕྱོགས་ཁག་ལ་དགའ་བའི་རྩ་འཛུགས་དེས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་རང་སྲོག་གཅོད་པའི་འཇབ་རྒོལ་བ་ཞིག་གིས་ཉིན་དེར་འགད་རྫས་འགས་གཏོར་བཏང་ནས། ཨ་ལི་ཕོ་གྲོང་ཁྱེར་དཀྱིལ་དབུས་ཀྱི་བཙོན་ཁང་དེའི་སྒོ་ཆེན་བརླགས་པ་དང་། དྲག་ཆས་མི་སྣ་གཞན་པ་རྣམས་བཙོན་ཁང་དུ་འཛུལ་ནས། བཙོན་སྲུང་བའི་འཐབ་འཁྲུག་དྲག་པོ་བྱུང་བར་མ་ཟད། བཙོན་ཁང་དེའི་ས་མང་ཆེ་ཤོས་བཟུང་བ་དང་། བཙོན་མ་བརྒྱ་ཕྲག་འགའ་ཕྱིར་བཏང་། ཉིན་དེའི་དགོང་མོར་ཕྱོགས་གཉིས་ཀྱིས་ད་དུང་བཙོན་ཁང་ནང་དུ་འཐབ་འཁྲུག་རྒྱག་བཞིན་ཡོད་ཟེར།

རང་སྲོག་བཅད་པའི་འཇབ་རྒོལ་བ་དེ་ནི་ཨུ་རུ་སིའི་ཁྲེ་ཁྲིན་ས་ཁུལ་གྱི་ཡིན་ལ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་རྒྱལ་སྐྱོབ་འཐབ་ཕྱོགས་ཞེས་པ་དེའི་ཁོངས་མི་ཡིན་པ་དང་། རྒྱལ་སྐྱོབ་འཐབ་ཕྱོགས་ཟེར་བ་དེ་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད།

སི་རི་ཡའི་དཔོན་ཕྱོགས་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་གིས་བཙོན་ཁང་ལ་བཙན་འཛུལ་བྱས་པའི་འཇིགས་སྐུལ་ཚོགས་པ་ཞིག་ཕམ་པར་བརྒྱབ་པ་ཡིན་ཟེར།

བཙོན་ཁང་དེའི་ནང་དུ་མི་སྟོང་བཞི་ཙམ་ཡོད་ལ། སྲིད་གཞུང་གི་དམག་བརྒྱ་ཕྲག་འགས་སྲུང་ཡོད། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་བཙོན་ཁང་དེའི་མཐའ་བསྐོར་ནས་ལོ་གཅིག་ཙམ་སོང་ཡོད་ལ། དེའི་སྐབས་སུ་ཐེངས་མང་པོར་འཇབ་རྒོལ་བྱས་པ་དང་། འགད་རྫས་དྲུད་པའི་རླངས་འཁོར་བསྐོར་ཏེ་བཙོན་ཁང་གི་སྒོ་ཆེན་ལ་ཡང་འཇབ་རྒོལ་བྱས་མྱོང་།

གཞན་ཡང་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་རྩ་འཛུགས་དེས་བཤད་པ་ལྟར་ན། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཚེས་དྲུག་ཉིན་བཙོན་ཁང་དེའི་ཤར་ཕྱོགས་ཀྱི་མཁའ་དམག་གི་རྟེན་གཞི་ཞིག་བདག་ཏུ་བཟུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག