མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་མནའ་འབྲེལ་རི་ནེ་ཝའི་གྲོས་ཚོགས་ཀྱི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་མངའ་ཁོངས་སུ་མེད་པའི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རྒྱལ་ཡོངས་མནའ་འབྲེལ་གྱི་མགོ་ཁྲིད་པ་ཅཱ་ཨར་པཱ་ཡིས་ཚེས་བཞི་ཉིན་མའོ་སི་ཁི་ནས་བསྟན་དོན། རྒྱལ་ཡོངས་མནའ་འབྲེལ་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅཱ་ཨར་པཱ་ཡིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཕྱོགས་གཉིས་ཀྱིས་བལྟས་ན། ངེས་པར་དུ་རི་ནེ་ཝའི་གྲོས་ཚོགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པས། ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན་ནས་བཟུང་སི་རི་ཡཱའི་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་དེ་གལ་འགངས་ཧ་ཅང་ཆེ་བར་བསམ་ཡོད། ཅཱ་ཨར་པཱ་ཡིས་ཨུ་རུ་སིའི་ནམ་རྒྱུན་གྱི་ལངས་ཕྱོགས་ལ་རྒྱུས་ལོན་ཐུབ་པ་དང་། སི་རི་ཡཱའི་རྒྱལ་ནང་གི་ངོ་རྒོལ་ཕྱོགས་ཁག་སོགས་སྔར་ལས་མང་བའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་པར་དང་ལེན་བྱེད་རྒྱུ་ཡིན་ཟེར།

གྲོས་མོལ་བྱེད་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་རི་ནེ་ཝའི་སྤྱི་སྒྲོག་དངོས་འབེབས་གང་ལེགས་བྱེད་དགགོས་པ་ནན་བཤད་བྱས། དེའི་ནང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། འཁྲུག་རྩོད་མཚམས་འཇོག་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཁག་ཐེག་བྱེད་པ། བཀག་འཇུག་བྱས་པའི་མི་སྣ་བཙོན་གྲོལ་གཏོང་བ་སོགས་ནང་དོན་འདུས་ཡོད་ཟེར། ཞོར་དུ་ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པའི་གནས་ཚུལ་འོག་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཆོད་དོན་བཏོན་ནས། སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། བདག་དབང་བཅས་ལ་ཁག་ཐེག་བྱས་ཏེ་སི་རི་ཡཱའི་རིགས་སོ་སོའི་མི་དམངས་དང་ཆོས་ལུགས་ཚོགས་ཁག་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ཟེར།   །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག