མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་གཞོན་པ་ཅི་ཏི་ཝ་ཡིས་ལས་ཁུར་དགོངས་ཞུ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-04 12:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་དམིགས་བསལ་འཐུས་མི་གཞོན་པ་ཅི་ཏི་ཝ་ཡིས་ཕན་ཅི་བུན་ལ་བསྟན་དོན། གཟའ་འཁོར་འདིའི་ནང་ལས་འགན་བསྐྱུར་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཅི་ཏི་ཝ་ཡིས་བསྟན་དོན། གལ་ཏེ་ཕན་ཅི་བུན་འཐད་པ་ཡིན་ན། ཁོས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་གཞན་པའི་སྟེང་རང་ཉིད་ཀྱི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། ཕན་ཅི་བུན་གྱིས་ཅི་ཏི་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་དང་མཉམ་འབྲེལ་དམིགས་བསལ་ཕོ་ཉ་ཨན་ནན་གྱི་མགོ་ཁྲིད་འོག་ལས་འགན་དང་དུ་བླངས་ནས། སི་རི་ཡཱའི་ཉམས་ཉེན་མཇུག་སྒྲིལ་བ་དང་། རི་ནེ་ཝའི་སྤྱི་སྒྲོག་རྨང་གཞིར་བྱས་པའི་སི་རི་ཡཱའི་བར་བརྒལ་སྲིད་གཞུང་འཛུགས་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས།

ཅི་ཏི་ཝ་ཡིས་ལས་ཁུར་དགོངས་ཞུ་བྱས་པའི་རྒྱུ་རྐྱེན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དྲི་བར་ལན་མ་བཏབ་པ་དང་། གནད་དོན་དེ་ཅི་ཏི་ཝ་རང་ཉིད་ལ་འདྲི་དགོས་ཟེར། ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། སུས་ཅི་ཏི་ཝ་ཡི་ཚབ་ཏུ་འགན་ཁུར་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་ཐེངས་དང་པོའི་ཞི་བའི་གྲོས་མོལ་དེ་ཟླ་དང་པོའི་ཚེས་སོ་གཅིག་ཉིན་མཇུག་སྒྲིལ། པུའུ་ལཱ་ཞེ་མུས་ཀྱིས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་འགལ་བ་ཆེན་པོ་ཡོད་པས། ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་ལ། ཚོད་དཔག་བྱས་ན་དུས་རིམ་རྗེས་མའི་ཞི་བའི་གྲོས་མོལ་དེ་ཟླ་གཉིས་པའི་ཚེས་བཅུ་ཉིན་མུ་མཐུད་དུ་སྤེལ་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་སྲིད་གཞུང་ཕྱོགས་ཀྱིས་ཅི་ཏི་ཝ་ཡིས་མུ་མཐུད་དུ་འགན་ཁུར་བར་རེ་བ་བྱས་མེད་ཟེར།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག