མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་ཙུང་ལི་ཡིས་གྲོས་མོལ་ནི་དབུས་ཤར་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-04 12:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ཙུང་ལི་ལེ་ཐཱ་ཡིས་ཚེས་གསུམ་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ནན་གྱིས་བསྟན་དོན། གྲོས་མོལ་དང་ཕྱི་འབྲེལ་བྱེད་ཐབས་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

ལེ་ཐཱ་ཉིན་དེར་ཁཱ་ཐར་གྱི་ནུས་ཁུངས་དང་བཟོ་ལས་ཀྱི་བློན་ཆེན་སཱ་ཏཱ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། ལེ་ཐཱ་ཡིས་བསྟན་དོན། དབྱི་ཐཱ་ལེ་དང་ཁཱ་ཐར་གྱི་དབུས་ཤར་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ཧ་ཅང་འདྲ་མཚུངས་ཡིན་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབུས་ཤར་གྱི་གནད་དོན་ཚང་མ་ཐག་གཅོད་བྱེད་པར་འཐད་པ་བྱུང་ཡོད་ཟེར།

སི་རི་ཡཱའི་གནད་དོན་ཐད་ནས་ལེ་ཐཱ་ཡིས་བལྟས་ན། རི་ནེ་ཝ་ཡིས་སྤེལ་བའི་སི་རི་ཡཱའི་གནད་དོན་གྱི་གྲོས་མོལ་ལ་ད་ལྟའི་བར་གྲུབ་འབྲས་ཅི་ཡང་མེད་ལ། གནད་དོན་གྱི་གཙོ་གནད་ནི་གྲོས་མོལ་ནས་སི་རི་ཡཱའི་བར་བརྒལ་སྲིད་གཞུང་འཛུགས་མིན་གྱི་གནད་དོན་ལ་གྲོས་འཆམ་འབྱུང་མིན་དེ་ཡིན་པས། ཕྱོགས་སོ་སོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

སཱ་ཏཱ་ཡིས་ཁཱ་ཐར་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཁོས་ཁཱ་ཐར་གྱིས་མུ་མཐུད་དུ་དབྱི་ཐཱ་ལེ་ལ་ལོ་ངོ་ཉེར་ལྔའི་རིང་ནུས་ཁུངས་མཁོ་འདོན་བྱེད་པའི་དམ་བཅའ་ལག་བསྟར་བྱེད་རྒྱུ་ཁག་ཐེག་བྱས།

ལེ་ཐཱ་ཚེས་གཉིས་ཉིན་ཏའོ་ཧཱ་རུ་འབྱོར་ནས་ཁཱ་ཐར་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱས་པ་དང་། ལེ་ཐཱ་ཡིས་ཚེ་གསུམ་ཉིན་སོ་སོར་ཁཱ་ཐར་གྱི་རྒྱལ་ཁབ་མགོ་གཙོ་དང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ལ་གྲོས་བསྡུར་བྱས་ཏེ། སི་རི་ཡཱ་དང་ཨེ་ཅིབ། ལི་པུ་ཡཱ་སོགས་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག