མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཚོང་དོན་འཐུས་ཚབ་ཚོགས་པས་དབྱི་ལིང་དུ་འཚམས་འདྲི་བྱས་པ

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-04 12:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁེ་ལས་ཀྱི་དོ་དམ་པ་གཙོ་བོ་བརྒྱ་ལྷག་གིས་གྲུབ་པའི་ཚོང་དོན་འཐུབ་ཚབ་ཚོགས་པས་ཚེས་གསུམ་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་ཤིང་། བཀག་སྡོམ་བྱེད་ཐབས་ལྷོད་ཡངས་སུ་གཏོང་བའི་གོ་སྐབས་དང་བསྟུན་ནས་ཚོང་སྐལ་འཚོལ་ཞིབ་བྱས།

ཚོང་དོན་འཐུས་ཚབ་ཚོགས་པའི་ཁོངས་མི་ལ་ནུས་ཁུངས་དང་རླངས་འཁོར། མགྲོན་ཁང་། དངུལ་ལོར། མཁའ་འགྲུལ། འཛུགས་སྐྲུན་རྒྱུ་ཆ། ལས་རིགས་ལས་སྣོན། བརྡ་འཕྲིན་ལག་རྩལ། མཚོ་འགྲུལ། ཉེན་སེལ། སྨན་བཟོ་སོགས་ལས་རིགས་མང་བོའི་མི་སྣ་འདུས་པ་དང་། དེའི་ནང་ཏའོ་ཏཱ་ཨར་དང་ལོས་ནོའུ་རླངས་འཁོར། སོ་དབྱེ་ཧྲི་སོལ་རླངས་སྡེ་ཚོགས། ཨིག་ལེ་ཡཱ་སོགས་ཧྥ་རན་སིའི་མིང་གྲགས་ཁེ་ལས་ཀྱི་འཐུས་མི་ཡང་ཡོད།

དབྱི་ལིང་གི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནཱ་ཧཱ་ཝན་ཏིས་ཅན་གྱིས་ཚོང་དོན་འཐུས་ཚབ་ཚོགས་པའི་ཁོངས་མིར་སྣེ་ལེན་བྱེད་སྐབས་བསྟན་དོན། དབྱི་ལིང་དང་ཡོ་རོབ་གླིང་གི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་པ་དང་། ཧྥ་རན་སིའི་ཁེ་ལས་པས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར། ཚོང་དོན་འཐུས་ཚབ་ཚོགས་པ་དེས་ད་རུང་དབྱི་ལིང་གི་ཉོ་ཚོང་སྡེ་ཁག་གི་དཔོན་རིགས་དང་མཉམ་དུ་གྲོས་མོལ་བྱས།

ན་ནིང་ལོ་མཇུག་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དུས་རིམ་དང་པོའི་གྲོས་མཐུན་བཀོད་དེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་རེ་འགའ་མཚམས་བཞག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་ཁག་ཅིག་ལྷོད་ཡངས་སུ་བཏང་། གྲོས་མཐུན་དེ་ད་ལོའི་ཟླ་དང་པའི་ཚེས་ཉི་ཤུའི་ཉིན་ནུས་ལྡན་དུ་གྱུར་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རིམ་བཞིན་དབྱི་ལིང་གི་ནུས་ཁུངས་དང་རྡོ་སྣུམ། ལྕགས་རིགས། རླངས་འཁོར། མཁའ་འགྲུལ་སོགས་ལས་རིགས་ཀྱི་བཀག་སྡོམ་ཇེ་ལྷོད་དུ་བཏང་བར་མ་ཟད། དབྱི་ལིང་གི་ཕྱི་རྒྱལ་གྱི་མ་དངུལ་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བཀོལ་སྤྱོད་བྱེད་དུ་བཅུག དེའི་ནང་མེ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ཟླ་གཉིས་པའི་ཚེས་གསུམ་ཉིན་བཀོལ་སྤྱོད་བྱེད་དུ་བཅུག་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག