མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་སི་མུའུ་སིན་གྱིས་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་འབྲེལ་བ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་གཅིག་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་སོང་ཡང་། ཕྱོགས་གཉིས་བར་གནད་འགག་གི་གནད་དོན་རེ་འགའི་ཐད་ནས་འགལ་བ་ཆེན་པོ་ཡོད་པས། བྱེད་ཐབས་བཅོས་བསྒྱུར་བྱས་ཏེ་འབྲེལ་བ་ཡང་བསྐྱར་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།

ལཱ་སི་མུའུ་སིན་ཉིན་དེར་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ལྔ་བཅུ་བར་ཞུགས་སྐབས་གཏམ་བཤད་སྤེལ་ཏེ། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སི་རྒྱལ་ཁབ་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཟེར། ཁོས་བསྟན་དོན། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་འབྲེལ་བ་དགྲར་འཛིན་གྱི་རྣམ་པར་འགྱུར་བར་སུས་ཀྱང་རེ་བ་བྱས་མེད་སྟབས། ཕྱོགས་གཉིས་ཀྱིས་ད་ལྟའི་བྱེད་ཐབས་བཅོས་བསྒྱུར་བྱས་ཏེ། སྔོན་ཆད་ཀྱི་དགྲར་འཛིན་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་དེ་གཅིག་སྟོང་དགུ་བརྒྱ་རེ་གསུམ་ལོར་མགོ་བརྩམས་པ་དང་། སྔོན་ཆད་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་འབྲེལ་བ་གྲོས་གཞིར་གཙོ་བོར་བྱས་པའི་རྒྱལ་སྤྱིའི་འགོག་སྲུང་ཚོགས་ཆེན་ཡིན་ཞིང་། གྲོས་གཞི་མུ་མཐུད་དུ་རྒྱ་བསྐྱེད་པ་དང་བསྟུན་ནས་མུའུ་ནེ་ཧིའི་བདེ་འཇགས་གྲོས་ཚོགས་དེ་འཛམ་གླིང་ཡོངས་ཀྱི་ཚད་གཞི་ལྡན་པའི་བདེ་འཇགས་གླེང་སྟེགས་ཤིག་ཏུ་གྱུར་ཡོད་ལ། བདེ་འཇགས་ཁྱབ་ཁོངས་ཀྱི་ཏཱ་བོ་སིའི་གླེང་སྟེགས་ཞེས་པའི་མཚན་སྙན་ཐོབ་ཡོད། གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་སོ་གཉིས་པས་ཐོག་དང་པོར་ཨུ་རུ་སིའི་འཐུས་མི་གདན་ཞུ་བྱས་པ་རེད། སྐབས་འདིའི་གྲོས་ཚོགས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་མགོ་བརྩམས་པ་དང་། ཚོགས་ཡུན་ཉིན་གསུམ་རེད། ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གི་ལྐོག་ཉན་དོན་རྐྱེན་དང་ཨུ་རུ་སིའི་འགོག་སྲུང་གཞི་གཅིག་ཅན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། སི་རི་ཡཱའི་གནས་བབ་སོགས་ནི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་རེད།

ཨུ་རུ་སི་དང་ཨ་མེ་རི་ཁས་གཙོ་ཁྲིད་བྱེད་པའི་བྱང་ཆིངས་རྩ་འཛུགས་ལ་དམག་དོན་ཁྱབ་ཁོངས་རེ་འགར་འགལ་བ་ཡོད་པ་དང་། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་དུ་འཕུར་མདའི་འགོག་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་འཕུར་མདའི་འགོག་སྲུང་མ་ལག་དེ་ཨུ་རུ་སི་ལ་དམིགས་པ་མིན་པར་ཁྲིམས་འཛིན་གྱི་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་ཡང་། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལ་དམིགས་པ་མིན་པའི་ཆབ་སྲིད་འགན་ལེན་མ་གཏོགས་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག