མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་གཅིག་ཉིན་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་མིག་སྔར་ཡིད་ཆེས་བསྐྱར་འཛུགས་བྱེད་དགོས་པར་མ་ཟད། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མནའ་མཐུན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་ཟེར། ཁི་ལེ་ཉིན་དེར་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་བསྐྱར་དར་བརྗོད་སྙིང་ཡིན་པའི་གྲོས་གཞིར་གྲོས་བསྡུར་བྱས་པར་མ་ཟད་གཏམ་བཤད་སྤེལ། ཁོས་གཏམ་བཤད་སྤེལ་སྐབས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་བསྐྱར་དར་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཡོ་རོབ་གླིང་མེད་ན་སྟོབས་དང་ལྡན་པའི་ཨ་མེ་རི་ཁ་ཡོད་མི་སྲིད། ཕྱོགས་གཉིས་ཀྱིས་བསམ་འཆར་གཅིག་མཐུན་བྱུང་དུས་ནི་ཕན་ཚུན་ཆེས་སྟོབས་དང་ལྡན་པའི་དུས་སྐབས་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་ཀྱང་གྲོས་གཞི་དེར་གྲོས་བསྡུར་བྱེད་སྐབས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཛའ་མཐུན་འབྲེལ་བ་ཕན་ཚུན་འབྲལ་ཐབས་མེད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འགུལ་སྐྱོད་གཅིག་གྱུར་བྱེད་དགོས་ཟེར། ཡིན་ན་ཡང་ཁི་ལེ་དང་ཧཱ་ཀིར་གཉིས་ཀྱིས་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱི་ལྐོག་ཉན་ལས་གཞི་དང་ཨ་མེ་རི་ཁ་དང་འཇར་མན་གྱི་ཕན་ཚུན་ལྐོག་ཉན་མི་བྱེད་པའི་གྲོས་མཐུན་འགོད་པའི་གྲོས་མོལ་ཐད་ནས་ལྟ་ཚུལ་ཅི་ཡང་བརྗོད་མེད།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་པོ་ལིན་ནས་ཁི་ལེ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱི་བྱ་འགུལ་དང་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། འཇར་མན་དང་ཨ་མེ་རི་ཁའི་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། འགལ་བ་ཐག་གཅོད་བྱེད་པའི་བྱེད་ཐབས་མཉམ་དུ་འཚོལ་ཞིབ་བྱེད་རྒྱུ་ཁས་ལེན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག