མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་སྐུ་ཚབ་ནས་ཨན་པེ་ཡིས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱས་པར་ཁ་རྡུང་བཏང་བ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:05

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་སྐུ་་ཚབ་ནས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༩ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་ཁག་སོ་སོར་གཏམ་བཤད་སྤེལ་ནས། ལྗར་ཕན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱ་པར་ཁ་རྡུང་དྲག་པོ་བཏང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོའི་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས། ཨན་པེ་ནས་ཧྥ་ཞི་སེའི་དམག་འཁྲུག་ཉེས་ཅན་པར་གུས་མཇལ་བྱས་པ་དེ་ནི་འཛམ་གླིང་གི་ཧྥ་ཞི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་པའི་གྲུབ་འབྲས་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱིས་རྨང་གཞི་བྱས་པའི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འགྲན་རྩོད་བྱས་པ་ཞིག་ཡིན་པས། ཀྲུང་གོའི་སྲིད་གཞུང་དང་མི་དམངས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོ་རྒོལ་དྲག་པོ་དང་ཁ་རྡུང་ཕོགས་པ་ནི་སྨོས་མི་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པ་དང་། ལིའུ་ཅེ་དབྱིས། ལྗར་ཕན་གྱི་འགོ་ཁྲིད་པས་བཙན་འཛུལ་ལོ་རྒྱུས་ལ་ཡང་དག་པའི་ངོས་འཛིན་བྱེད་པ་དང་འགྱོད་བཤགས་གཏིང་ཟབ་བྱེད་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་གང་མགྱོགས་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཚུད་པའི་རྒྱ་ཆེའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ལྷོ་ཁོ་རེ་ཡའི་སྐུ་ཚབ་ཅིན་ཧྲུའུ་ཡིས། ལྗར་ཕན་གྱི་འགོད་ཁྲིད་པས་དམག་རྒྱལ་རིང་ལུགས་སྐབས་ཐོན་པའི་དོན་དངོས་འཁྱོག་བཤད་བྱས་པ་ནི་ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་གནས་བབས་ཇེ་སྡུག་ཏུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། དེས་མ་ཟད་ལྗར་ཕན་གྱི་འགོ་ཁྲིད་པས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱས་པ་ནི་ལྗར་ཕན་གྱིས་དམག་འཁྲུག་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བསྐྱར་དུ་ཞུགས་རྒྱུར་ཐད་ཀའི་འགྲན་རྩོད་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་དང་། ཅིན་ཧྲུའུ་ཡིས་ལྗར་ཕན་གྱིས་འདས་ཟིན་པའི་ལོ་རྒྱུས་ལ་ཡང་དག་པའི་ལྟ་སྟངས་འཛིན་པ་མ་ཟད། དེའི་ཁྲོད་ནས་བསླབ་བྱ་ལེན་ཏེ། ནོར་འཁྲུལ་གྱི་ལོ་རྒྱུས་ལྟ་བ་དེ་སློབ་དེབ་ཀྱི་ནང་དོན་བཟོ་བཅོས་རྒྱག་པ་བརྒྱུད་མི་རབས་རྗེས་པར་བརྒྱུད་བསྒྲགས་བྱེད་རྒྱུ་མེད་པའི་རེ་འབོད་གནང་ཡོད་པ་རེད།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འདི་ཟླའི་རེ་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཅོར་ཏན་གྱིས་གྲོས་འགོ་བཏོན་པ་དང་སྒྲིག་འཛུགས་བྱས་པ་བརྒྱུད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་གར་དམག་འཁྲུག་དང་དམག་འཁྲུག་གི་བསླབ་བྱ། ཡུན་རིང་གི་ཞི་བདེ་འཚོལ་བ་ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་ཡོངས་བསྒྲགས་རྩོད་གླེང་གྲོས་ཚོགས་སྐོང་ཚོགས་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག