མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་རི་ནེ་ཝ་ནས་དཀའ་ཚེགས་ཀྱིས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་ཚེས28ཉིན་གྱི་དགོང་མོར་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་འཕེལ་རིམ་ལ་དཀའ་ཚེགས་ཧ་ཅང་ཆེ་ཡང་། ཟླ་འདིའི་ཚེས31ཉིན་གྱི་སྔོན་ལ་རི་ནེ་ཝའི་གྲོས་མོལ་དང་འབྲལ་མཁན་གཅིག་ཀྱང་མེད་ཟེར།

པུའུ་ལཱ་ཞེ་མུས་ཀྱི་མགོ་འཛིན་འོག སི་རི་ཡཱའི་སྲིད་གཞུང་དང་སི་རི་ཡཱའི་མངའ་ཁོངས་སུ་མེད་པའི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས་ཉེར་ལྔ་ཉིན་ནས་བཟུང་རི་ནེ་ཝའི་ཝན་གོ་ཕོ་བྲང་ནས་གྲོས་མོལ་བྱེད་མགོ་བརྩམས། གྲོས་མོལ་དེ་བུད་མེད་དང་བྱིས་པ་དག་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་གྲོང་ཁྱེར་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་དང་། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཧའོ་མུའུ་སི་གྲོང་ཁྱེར་དུ་བསྐྱལ་བ། དེ་མིན་ཕྱོགས་གཉིས་ཀྱིས་བཀག་འཇུག་བྱས་པའི་མི་སྣ་བཙོན་གྲོལ་གཏོང་བ་སོགས་གནད་དོན་ལ་འབྲེལ་ཡོད།

ཚེས28ཉིན་གྱི་སྔ་དྲོར། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མེ་ཁི་ཏཱ་ཏི་ཡིས་ཝན་གོ་ཕོ་བྲང་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱི་ཉིན་དེའི་གྲོས་མོལ་ལས་རི་ནེ་ཝའི་སྤྱི་བསྒྲགས་ཀྱི་ནང་དོན་གླེང་བ་དང་། སི་རི་ཡཱའི་སྲིད་གཞུང་གིས་བལྟས་ན། སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ནི་སི་རི་ཡཱའི་དྲག་ཤུགས་ཇི་ལྟར་མཇུག་སྒྲིལ་བ་དེ་ཡིན་པར་འདོད་ཀྱང་། སི་རི་ཡཱའི་སྲིད་གཞུང་གི་དྲག་ཤུགས་འཁྲུག་རྩོད་མཚམས་འཇོག་པའི་སྐོར་གྱི་གྲོས་གཞི་དེ་ངོ་རྒོལ་ཕྱོགས་ཁག་གིས་ཁས་ལེན་མ་བྱས། མེ་ཁི་ཏཱ་ཏི་ཡིས་བཤད་རྒྱུར། ཧའོ་མུའུ་སི་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་ལྟོགས་སྐོམ་གྱི་སྡུག་བསྔལ་ཆེན་པོ་མྱངས་པ་དང་། སི་རི་ཡཱའི་སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་གིས་ས་དེའི་མི་སེར་དཀྱུས་མར་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་པ་ལས། ཁོ་ཚོ་འཇིགས་སྐུལ་རིང་ལུགས་དང་དྲག་ཆས་ཚོགས་ཁག་གི་ལག་ཏུ་ཤོར་དུ་འཇུག་མི་རུང་རེ་བ་བཏོན་ཡོད་ཟེར།

རྒྱལ་ཡོངས་མནའ་འབྲེལ་གྱི་མགྲིན་ཚབ་པ་སཱ་ཧྥེ་ཡིས་གསར་འགོད་པར་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཧའོ་མུའུ་སི་གྲོང་ཁྱེར་དང་ས་ཁུལ་གཞན་པའི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་རང་དབང་དམག་དཔུང་གིས་མཁར་གྲོང་གསུམ་གྱི་བཀག་སྡོམ་མེད་པར་གཏོང་བ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་རྒྱུ་ཡིན་ཟེར། སཱ་ཧྥེ་ཡིས་ནན་གྱིས་བསྟན་དོན། ཧའོ་མུའུ་སི་གྲོང་ཁྱེར་དུ་ཡོད་པའི་མང་ཚོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་ས་དེའི་བུད་མེད་དང་བྱིས་པར་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་མི་སྲིད་པར་རློམ་ཡོད་པས། བུད་མེད་དང་བྱིས་པ་གནས་དེ་དང་འབྲལ་བར་ཁས་ལེན་བྱས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག