མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་ཉེས་ཅན་ལ་བསླུ་ཡོན་མི་སྟེར་བ་དང་ཆབ་སྲིད་ཐད་ནས་གུ་ཡངས་གཏོང་མི་རུང་བའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་གྲོས་མཐུན་བཀོད་དེ། འཇིགས་སྐུལ་ཉེས་ཅན་གྱིས་བཟོས་པའི་བཙན་ཁྲིད་དོན་རྐྱེན་ལ་དམིགས་ནས། ཁོངས་གཏོགས་རྒྱལ་ཁབ་ཚང་མས་འཇིགས་སྐུལ་ཉེས་ཅན་ལ་བསླུ་ཡོན་སྟེར་བ་དང་ཆབ་སྲིད་ཐད་ནས་གུ་ཡངས་མི་གཏོང་བར་མི་གཏའ་བདེ་འཇགས་ངང་ཕྱིར་གཏོང་དུ་འཇུག་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱིས་མ་དངུལ་བསྡུ་བ་དང་ཆབ་སྲིད་ཐད་ནས་གུ་ཡངས་ཐོབ་པའི་ཆེད་དུ་མི་གཏའ་བཙན་ཁྲིད་བྱེད་པའི་དོན་རྐྱེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྟེན་གཞི་རྩ་འཛུགས་དང་འབྲེལ་ཡོད་འཇིགས་སྐུལ་རྩ་འཛུགས་ཀྱིས་གོང་གི་དམིགས་ཡུལ་དེའི་ཆེད་དུ་བཙན་ཁྲིད་དོན་རྐྱེན་བཟོས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

གྲོས་ཆོད་ལས་བསྟན་དོན། འཇིགས་སྐུལ་རྩ་འཛུགས་ལ་བསླུ་ཡོན་བྱིན་ན་རྩ་འཛུགས་དེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འཇིགས་སྐུལ་འཇབ་རྒོལ་སྤེལ་བའི་ནུས་པ་ཇེ་ཆེར་འགྲོ་བར་ཕན་ཐོགས་འབྱུང་བ་དང་། ཕྱིན་ཆད་ཡང་བསྐྱར་བཙན་ཁྲིད་དོན་རྐྱེན་བཟོས་ནས་བསླུ་ཡོན་ལེན་པར་ཤན་ཤུགས་ཆེན་པོ་ཐེབས་སྲིད་ཟེར།

གྲོས་ཆོད་ལས་ད་རུང་ཉིས་སྟོང་གཅིག་ལོར་གྲོས་འཆམ་བྱུང་བའི་གྲོས་ཆོད་གཅིག་གསུམ་བདུན་གསུམ་གྱི་ནང་དོན་བསྐྱར་སྒྲོག་བྱས་ཏེ། རྒྱལ་ཁབ་ཚང་མས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་སྔོན་འགོག་དང་དེར་ཆམ་ཕབ་གཏོང་དགོས་པའི་རེ་བ་བཏོན།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་བཙན་ཁྲིད་དོན་རྐྱེན་དེ་རིགས་བྱུང་སྐབས་མཉམ་ལས་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་སྒེར་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཀྱི་རྩ་འཛིན་དང་བྱེད་ཐབས་ལག་བསྟར་བྱས་ཏེ། འཇིགས་སྐུལ་ཉེས་ཅན་གྱིས་བཙན་ཁྲིད་དོན་རྐྱེན་བཟོ་བར་སྔོན་འགོག་དང་བསླུ་ཡོན་མི་སྟེར་བའི་གནས་ཚུལ་འོག་བཙན་ཁྲིད་གནད་དོན་ཐག་གཅོད་བྱེད་པར་སྐུལ་མ་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག