མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་བཀག་འགོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་འགན་ཁུར་བས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། རྩ་འཛུགས་དེའི་ཁོངས་སུ་གཏོགས་པའི་ཞི་བདེ་བརྩོན་ལེན་བྱེད་པའི་སྤྱི་ཚོགས་འགུལ་སྐྱོད་ཀྱིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་བསྡུ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

ཞི་བདེ་བརྩོན་ལེན་བྱེད་པའི་སྤྱི་ཚོགས་འགུལ་སྐྱོད་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཏང་ཁག་དེས་གྲོས་བསྡུར་ཞིབ་མོ་བྱས་རྗེས་བལྟས་ན་ད་ལྟའི་སྲིད་གཞུང་གིས་ཆབ་སྲིད་རིམ་པ་སོ་སོའི་རེ་འདོད་སྣང་མེད་དུ་བསྐྱུར་བ་དང་། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་དོན་དམ་དུ་ཆབ་སྲིད་བཅོས་སྒྱུར་གྱི་གོ་སྐབས་མེད་པ་དང་། ཡོངས་བསྒྲགས་དང་མངོན་གསལ་ཡོང་ཐབས་མེད་པས། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་བཀག་འགོག་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།

ཞི་བདེ་བརྩོན་ལེན་བྱེད་པའི་སྤྱི་ཚོགས་འགུལ་སྐྱོད་ནི་ཨར་ཅི་རི་ཡཱའི་ངོ་རྒོལ་ཏང་ཁག་བཞི་བཅུ་ལྷག་གི་ཁྲོད་ཀྱི་ཆེས་ཆེ་བའི་ཏང་ཁག་ཅིག་ཡིན་ཀྱང་། གྲོས་ཁང་ཁྲོད་ཀྱི་ལས་གནས་བརྒྱ་ཆའི་བཅུ་ལས་ཀྱང་བརྒལ་མེད། དེའི་སྔོན་ཡང་སྲིད་ཏང་རེ་འགས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་བཀག་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད།

མིག་སྔར། སྲིད་སྐྱོང་བའི་ཏང་ཁག་བཞི་ཡིས་ད་ལྟའི་ཙུང་ཐུང་པུའུ་ཐི་ཧྥེ་ལེ་ཁཱ་འདེམ་བསྐོ་ལ་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། ཁོ་རང་ཉིད་ཀྱིས་འདེམ་བསྐོར་ཞུགས་མིན་གསལ་བོར་མ་བཤད། ཨར་ཅི་རི་ཡཱའི་རྒྱལ་ནང་གི་ངོ་རྒོལ་ཏང་ཁག་རེ་འགས་བལྟས་ན། པུའུ་ཐི་ཧྥེ་ལེ་ཁཱ་ཡི་བདེ་ཐང་གནས་ཚུལ་གྱི་དབང་གིས་མུ་མཐུད་དུ་སྲིད་སྐྱོང་བར་མི་འཚམ་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག