མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨུ་རུ་སིའི་མགོ་གཙོས་སོ་ཆི་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཞོགས་པའི་གསར་འགྱུར་གྱིས་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གཉིས་པའི་ཚེས་བརྒྱད་ཉིན་སོ་ཆི་ནས་མགོ་གཙོའི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། མིག་སྔར་འབྲེལ་ཡོད་མཐུན་སྦྱོར་བྱ་བ་ཕལ་ཆེར་མཇུག་སྒྲིལ་ལ་ཉེ་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་གུང་ཟས་ལ་རོལ་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཟླ་གཉིས་པའི་ཚེས་བདུན་ཉིན་སོ་ཆིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཨུ་རུ་སི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད། དེའི་སྔོན་ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་མང་བོའི་མགོ་གཙོ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས་ཀྱང་། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྐབས་སུ་ཁོམ་སྐབས་བཙལ་ནས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད། དེའི་ལན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་མགོ་གཙོའི་གྲོས་མོལ་མཇུག་སྒྲིལ་རྗེས་ཨན་པའེ་ཅིན་སན་དང་ཕུའུ་ཅིན་མཉམ་དུ་གུང་ཟས་ལ་རོལ་དུ་འཇུག་རྒྱུ་རེད། ཡིན་ན་ཡང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་གཞན་པའི་མགོ་གཙོ་ཡང་ཡོད་པས། གུང་ཟས་ལ་རོལ་བའི་བྱ་བ་དེ་བདེ་བླག་ཡིན་མིན་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་པན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ན་ནིང་ཟླ་བཞི་བའི་ཚུན་ལ་མགོ་གཙོའི་གྲོས་མོལ་ཐེངས་བཞི་སྤེལ་ཡང་བྱང་ཕྱོགས་གླིང་ཕྲན་གྱི་གནད་དོན་ལ་གྲུབ་འབྲས་ཅི་ཡང་ཐོབ་མ་ཐུབ། ཚོད་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ལ་འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་ཁྲོད། ཨུ་རུ་སི་ཕྱོགས་ཀྱིས་རྩོད་གཞིར་གྱུར་བའི་གླིང་ཕྲན་བདག་གིར་བྱེད་པའི་ལོ་རྒྱུས་ཀྱི་བདེན་དཔང་བྱེད་རྒྱུ་རེད། དབྱེ་ཞིབ་མི་སྣས་བསྟན་དོན། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཟླ་དྲུག་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་བརྒྱད་ཀྱི་མགོ་གཙོའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ད་ལོའི་སྟོན་ཁར་ཕུའུ་ཅིན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པའི་སྐབས་སུ་མངའ་ཁོངས་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱེད་པར་རེ་སྒུག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག