མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱ་རུ་སྡོད་པའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་ལྔ་བཙན་ཁྲིད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨེ་སི་བོ་ཏུའུ་ཡིས་ཚེས25ཉིན་བདེན་དཔང་བྱས་དོན། ཉིན་དེའི་བར་རིག་གནས་ལས་དོན་གཉེར་བའི་དཔོན་པོ་དང་བཅས་པའི་ལི་པུ་ཡཱ་རུ་སྡོད་པའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་ལྔ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་ཟེར།

ཨེ་སི་བོ་ཏུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་བཞིའི་ཉིན་ལི་པུ་ཡཱ་རུ་སྡོད་པའི་ཨེ་ཅིབ་ཀྱི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་ཞིག་བཙན་ཁྲིད་བྱས་རྗེས། རིག་གནས་ལས་དོན་གཉེར་བའི་དཔོན་པོ་ཧྲ་ཨར་པུས་ནེ་དང་རིག་གནས་ཁྲུའུ་ཡི་དཔོན་པོ་གསུམ་ཡང་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་བཙན་ཁྲིད་བྱས་པ་དང་། མིག་སྔར་ལི་པུ་ཡཱ་རུ་སྡོད་པའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་ལྔ་བོ་དྲག་ཆས་མི་སྣས་ཚོད་འཛིན་བྱས་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོར་དམིགས་པའི་བཙན་ཁྲིད་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕྱི་འབྲེལ་དཔོན་པོ་དེ་དག་ལ་གནོད་སྐྱོན་ཅི་ཡང་ཐེབས་མེད་པ་དང་། ཨེ་ཅིབ་སྲིད་གཞུང་གིས་ལི་པུ་ཡཱའི་མཐོ་རིམ་དཔོན་པོ་བརྒྱུད་དེ་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་བཙན་ཁྲིད་བྱས་པའི་དྲག་ཆས་རྩ་འཛུགས་ལ་འབྲེལ་གཏུགས་བྱེད་བཞིན་ཡོད།

ལི་པུ་ཡཱ་རུ་སྡོད་པའི་ཨེ་ཅིབ་གཞུང་ཚབ་ཁང་གིས་ཚེས་ཉེར་ལྔ་ཉིན་གསར་འགོད་པར་བཤད་རྒྱུར། ཨེ་ཅིབ་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་ཚང་མ་ལི་པུ་ཡཱ་ནས་ཕྱིར་འཐེན་བྱས་ཏེ་ཨེ་ཅིབ་ཀྱི་གཞུང་ཚབ་ཁང་གི་སྒོ་བརྒྱག་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་བདེ་འཇགས་སྡེ་ཁག་གིས་ཚེས་ཉེར་བཞིའི་ཉིན་གྲོང་ཁྱེར་ཡཱ་ལི་ཧྲན་ཏཱ་ནས་ལི་པུ་ཡཱའི་གསར་བརྗེ་བའི་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་ཧཱ་ཏིས་ཡཱ་འཛིན་བཟུང་བྱས། མིག་སྔར་ད་རུང་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་བཙན་ཁྲིད་བྱས་པའི་དོན་རྐྱེན་དེར་འབྲེལ་བ་ཡོད་མེད་གསལ་བོར་མི་ཤེས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག