མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུའུ་ལཱ་ཞེ་མུས་ཀྱིས་ཚེས25ཉིན་གྱི་སི་རི་ཡཱའི་ཞི་བའི་གྲོས་མོལ་གཙོ་བོ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནད་དོན་ལ་དམིགས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:04

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཉིན་དེར་ཐད་ཀར་གྲོས་མོལ་བྱས་པ་དང་། གཙོ་བོ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

པུའུ་ལཱ་ཞེ་མུས་ཀྱི་གྲོས་མོལ་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་དང་སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱི་འཐུས་མིས་ཉིན་དེར་གྲོས་མོལ་ཐེངས་གཉིས་བྱས་པ་དང་། གྲོས་གཞི་གཙོ་བོ་ནི་སི་རི་ཡཱའི་ཧའོ་མུའུ་སི་ས་ཁུལ་དུ་ཟས་རིགས་དང་སྨན་རྫས་སོགས་མི་ཆོས་རིང་ལུགས་ཀྱི་དངོས་རྫས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར།

ཉིན་དེ་ནི་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཐད་ཀར་གྲོས་མོལ་བྱས་པའི་ཉིན་ཐོག་མ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པ་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཅཱ་ཧྥ་ལི་དང་རྒྱལ་ཡོངས་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོ་ཨ་ཧཱ་པཱ་གཉིས་ཀྱིས་སྣེ་ཁྲིད་བྱས་ཡོད།

པུའུ་ལཱ་ཞེ་མུས་ཀྱིས་བསྟན་དོན། ཉིན་དེའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་མེད་ཀྱང་། ཕྱོགས་གཉིས་ཀྱིས་ཁོའི་བར་འདུམ་འོག་གྲོས་མོལ་བྱས་པ་དེ་ནི་དོན་བཟང་ཞིག་ཡིན་པ་དང་། གྲོས་མོལ་དེ་མུ་མཐུད་དུ་སྤེལ་རྒྱུ་རེད་ཟེར། ཞི་བའི་གྲོས་མོལ་གྱི་གྲུབ་འབྲས་ཐད་ནས་པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། མིག་སྔའི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་བ་དང་། གྲོས་མོལ་དཀའ་ཚེགས་ཀྱིས་སྤེལ་བཞིན་ཡོད། ཁོས་མི་ཆོས་རིང་ལུགས་ཀྱི་གྲོས་གཞིའི་ཐད་ནས་གྲུབ་འབྲས་བླངས་ཏེ་སྔར་ལས་ལྷག་པའི་གྲོས་མོལ་བྱེད་པར་རྨང་འདིང་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པ་དང་། དེས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་གྲོས་གཞི་ལྔ་བཏོན་ཡོད། ཁོས་བལྟས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་ཡིས་སི་རི་ཡཱ་དང་ས་ཁུལ་དེའི་ཕྱོགས་ཁག་སོ་སོར་གནོན་ཤུགས་བྱིན་ནས། སི་རི་ཡཱའི་ཞི་བདེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག