མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས24ཉིན་ཏཱ་བོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་ཟླ་དགུ་བར་བསྡུ་རྒྱུ་ཡིན་པའི2014ལོའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ་ནམ་ཟླའི་གྲོས་མོལ་ལ་ཡར་སྐུལ་བྱེད་པར་གདན་ཞུ་བྱས།

ཕན་ཅི་བུན་གྱིས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་དེ་ལོ་མང་བོའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་གཙོ་བོར་བཞག་ཡོད་ཀྱང་། རྒྱལ་ཁབ་སོ་སོའི་ཁེ་ཕན་མི་འདྲ་བར་འབྲེལ་བའི་དབང་གིས་ནམ་ཡང་གྲུབ་འབྲས་བཟང་བོ་ཞིག་ལོན་ཐུབ་མེད། ཁོས་བསྟན་དོན། མི་རེ་འགས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱས་ན་དཔལ་འབྱོར་འཕར་སྣོན་ལ་བཀག་རྒྱ་ཐེབས་སྲིད་པར་རློམ་པའི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་བཟུང་ཡོད་ཀྱང་། དོན་དམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བཟང་བོ་བྱས་ན་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་ཐུབ་ཟེར།

ཕན་ཅི་བུན་གྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་མགོ་གཙོས་བློ་སྤོབས་ཀྱིས་ཁེངས་པའི་དམིགས་འབེན་དང་དམ་བཅའ་སྙིང་ལ་བཅངས་ནས་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། ཕེ་རུ་ནས་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་ཁྱབ་ཁོངས་ཀྱི་ནམ་ཟླའི་གྲོས་མོལ་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཐཱན་ཉུང་ཐོན་ལས་ཐད་ཀྱི་དངུལ་ལོར་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཁེ་ལས་ལས་རིགས་ཀྱིས་རྒྱུན་མཐུད་ཀྱི་འཕེལ་རྒྱས་རྣམ་པ་འཚོལ་སྙེག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག