མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་གྲོས་ཁང་ཞོལ་མས་བུའུ་ཁི་ལན་ངོ་རྒོལ་ཕྱོགས་ཁག་གིས་ངོ་རྒོལ་བྱ་འགུལ་སྤེལ་མཚམས་བཞག་སྟེ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གྲོས་ཁང་ཞོལ་མས་ཚེས་ཉེར་གཉིས་ཉིན་བུའུ་ཁི་ལན་གནས་བབ་དང་འབྲེལ་བའི་གསལ་སྒྲོག་ཅིག་སྤེལ་ཏེ། བུའུ་ཁི་ལན་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཆས་ངོ་རྒོལ་བྱ་འགུལ་མཚམས་བཞག་སྟེ་སྲིད་གཞུང་དང་མཉམ་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ནས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་བུའུ་ཁི་ལན་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་གྲོས་ཁང་ཞོལ་མས་དྲ་ཚིགས་སུ་སྤེལ་བའི་གསལ་སྒྲོག་དེ་ལས་བཤད་རྒྱུར། མིག་སྔར་བུའུ་ཁི་ལན་གྱི་ངོ་རྒོལ་བྱ་འགུལ་གྱི་གཞི་རྒྱ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཆོག་མཆན་མ་ཐོབ་པའི་འདུ་ཚོགས་དང་སྲིད་འཛིན་ཐོག་ཁང་བཀག་སྡོམ་བྱེད་པ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དཔའ་བོའི་རྗེས་དྲན་རྡོ་རིང་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་ལ་གཏོར་བརླག་གཏོང་བ། རྩ་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འཛིན་ལས་ཁུངས་ལ་དཔུང་འཇུག་བྱེད་པ་སོགས་བྱ་འགུལ་མང་དུ་འབྱུང་བཞིན་ཡོད་པ་དང་། ངོ་རྒོལ་མཁན་གྱིས་དྲག་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁྲིམས་མཐུན་སྲིད་དབང་རྩ་རྫོགས་བྱེད་རྩིས་ཡོད། རྒྱལ་ཁབ་ཀྱི་གནས་བབ་བརྟན་འཇགས་མིན་པ་དང་། ངོ་རྒོལ་མཁན་དང་ཁྲིམས་འཛིན་ལས་ཁུངས་ཀྱི་མི་སྣ་གང་རུང་ལ་ཤི་རྨས་ཐེབས་ཡོད་ལ། བྱ་འགུལ་དེ་ནི་དམངས་གཙོའི་མི་སྣར་རློམ་པའི་ངོ་རྒོལ་ཕྱོགས་ཁག་གིས་བསླངས་པ་རེད་ཟེར།

ཨུ་རུ་སིའི་གྲོས་ཁང་ཞོལ་མའི་གྲོས་མིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་པ་རེ་འགས་ཀྱང་བུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་འགན་ཁུར་དགོས། རྒྱུ་མཚན་ནི་ཁོ་ཚོས་ངོ་རྒོལ་ཕྱོགས་ཁག་གི་འདུ་ཚོགས་སྟེང་གཏམ་བཤད་སྤེལ་བ་སོགས་ལས་བུའུ་ཁི་ལན་གྱི་བདག་དབང་ལ་གནོད་པ་ཐེབས་ཡོད་ཟེར། གསལ་སྒྲོག་ལས་ཕྱི་རྒྱལ་གྱི་ཆབ་སྲིད་ཚོགས་ཁག་གིས་བུའུ་ཁི་ལན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག