མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཡེ་མིན་རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་ནས་མཇུག་མཐའི་ཡིག་ཆ་གཏན་འབེབས་བྱས་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས22ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཡེ་མིན་རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་ནས་མཇུག་མཐའི་ཡིག་ཆ་གཏན་འབེབས་བྱས་པར་རྟེན་འབྲེལ་ཞུས་པ་དང་། ཞོར་དུ་ཡེ་མིན་རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་གྱི་འཐུས་མིར་ལྐོག་གསོད་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ཡེ་མིན་རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་ནས་ཚེས21ཉིན་ཡིག་ཆ་ཚང་མའི་གཏན་འབེབས་བྱ་བ་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་དང་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་ལས་མངོན་པའི་མགོ་ཁྲིད་ནུས་པ་དང་ཆོད་སེམས་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། དེ་ནི་ཡེ་མིན་བར་བརྒལ་འཕེལ་རིམ་ལ་ཡར་སྐུལ་གཏོང་བའི་གོམ་རིམ་གལ་ཆེན་ཞིག་ཡིན་པ་དང་། བཀག་རྒྱ་དང་བར་ཆད་སྣ་ཚོགས་བྱུང་བའི་གནས་ཚུལ་འོག་དཀའ་སྤྱད་འབད་བརྩོན་བྱས་པའི་མཇུག་འབྲས་རེད་ཟེར།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་གྱི་འཐུས་མི་ཞེ་ལཱ་ཧྥུའུ་རང་ཁྱིམ་དང་བྲལ་ནས་གྲོས་ཚོགས་བསྡུ་སའི་མགྲོན་ཁང་དུ་འགྲོ་རྩིས་བྱེད་སྐབས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ལུས་ལ་མེ་མདའ་བཅུ་ལྷག་ཕོག་ནས་ཚེ་སྲོག་ཤོར། འཇབ་རྒོལ་བྱེད་མཁན་གྱི་ལག་དམར་དེ་བྲོས་བྱོལ་བྱས་པ་རེད།

ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཚེས21ཉིན་རྒྱལ་ས་སཱ་ནཱ་ནས་ཁྱབ་སྒྲོག་བྱས་དོན། རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་ནས་ཡིག་ཆ་ཚང་མ་གཏན་འབེབས་བྱས་པ་དང་། གྲོས་མོལ་དེ་ཟླ་འདིའི་ཚེས25ཉིན་གྲོལ་རྒྱུ་ཡིན་ཟེར། རྒྱལ་ཡོངས་འགྲིག་མཐུན་གྲོས་མོལ་ལ་ཞུགས་པའི་འཐུས་མིའི་གཅིག་མཐུན་གྱི་བསམ་འཆར་ལྟར་ན། ཧཱ་ཏིས་ཀྱི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་ཀྱང་སྤྱི་མཐུན་ལམ་ལུགས་ནས་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་སུ་བསྒྱུར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག