མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ནན་ཏན་དང་བཟོད་བསྲན་གྱི་རྣམ་འགྱུར་བཟུང་ནས་ཞི་བའི་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས22ཉིན་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་དང་པོའི་གྲོས་རིམ་མཇུག་སྒྲིལ་རྗེས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གྲོས་མོལ་ལ་དཀའ་ཚེགས་ཧ་ཅང་ཆེ་སྲིད་ཀྱང་སྔར་བཞིན་རེ་བ་ཆེན་པོ་ཡོད་ཟེར། ཁོས་ཕྱོགས་གཉིས་ཀྱིས་ནན་ཏན་དང་བཟོད་བསྲན་གྱི་རྣམ་འགྱུར་བཟུང་སྟེ་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་མཐོ་རིམ་གྲོས་ཚོགས་ཉིན་དེའི་ས་སྲོད་ལ་སུའེ་ཙེར་གྱི་མིན་ཐི་ལེ་ནས་གྲོལ། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བཞི་བཅུ་ཙམ་གྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཏེ། སི་རི་ཡཱའི་གནད་དོན་ཐད་ནས་རང་རང་གི་ལངས་ཕྱོགས་དང་འདོད་བློ་རྒྱས་བཤད་བྱས། ཚེས་ཉེར་གཉིས་ཉིན་གྱི་གྲོས་ཚོགས་གྲོལ་རྗེས་ཚོགས་ཞུགས་མཁན་རྣམས་རི་ནེ་ཝ་རུ་འགྲོ་རྒྱུ་རེད། ཚེས་ཉེར་བཞིའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱི་མགོ་འཛིན་དང་མཐུན་སྦྱོར་འོག སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་ཡོད་སའི་ཝན་གོ་ཕོ་བྲང་ནས་གྲོས་མོལ་བྱེད་རྒྱུ་རེད།

ཕན་ཅི་བུན་གྱིས་གྲོས་ཚོགས་གྲོལ་རྗེས་པུའུ་ལཱ་ཞེ་མུས་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། །སི་རི་ཡཱའི་ཉམས་ཉེན་བྱུང་ནས་ལོ་གསུམ་འགོར་རྗེས། སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་མཉམ་དུ་འཛོམས་ནས་གྲོས་མོལ་བྱེད་དུ་བཅུག་པར་དོན་སྙིང་གལ་ཆེན་ལྡན། མིག་སྔར་སི་རི་ཡཱའི་གནས་བབ་ཛ་དྲག་ཆེ་བ་དང་། འཁྲུག་རྩོད་མཚམས་བཞག་ནས་གྲོས་མོལ་བྱེད་པའི་དུས་ལ་བབས་ཡོད་པས། ངེས་པར་དུ་ཞི་བའི་གྲོས་མོལ་བྱེད་པའི་གོ་སྐབས་ཉག་ཕྲ་བ་དེ་བེད་སྤྱད་དེ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར།

སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཞི་བའི་གྲོས་མོལ་ཐད་ནས་ཕན་ཅི་བུན་གྱིས་བལྟས་ན་མྱུར་བ་མྱུར་དུ་གྲུབ་འབྲས་མངོན་གསལ་ཐོབ་པར་རེ་སྒུག་བྱེད་པ་ནི་དངོས་ཡོད་དང་མཐུན་པའི་དོན་ཞིག་མིན་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག