མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སེར་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་གྱི་གྲོས་ཚོགས་ཐོག་མ་ཚེས་ཉེར་གཅིག་ཉིན་པུའུ་ལུའུ་སེར་ནས་བསྡུས། སེར་ཝེ་ཡཱའི་ཙུང་ལི་ཏཱ་ཆི་ཆི་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། སེར་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རེ་བ་བཅངས་ཡོད་ཟེར།

ཁོས་གྲོས་ཚོགས་གྲོལ་རྗེས་གསར་འགོད་པར་སྣེ་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དངོས་མར་འགྱུར་བར་རེ་བ་བྱེད་བཞིན་ཅིང་། དེ་རང་གི་གྲོས་མོལ་དེ་གཞན་གྱིས་ང་ཚོར་གནང་བའི་ལག་སྐྱེས་མིན་པར་ང་ཚོ་རང་ཉིད་ཀྱིས་འབད་བརྩོན་བྱས་པའི་མཇུག་འབྲས་ཡིན་ཟེར། ཁོས་ད་རུང་བསྟན་དོན། སེར་ཝེ་ཡཱ་རྒྱལ་ཁབ་ཀྱིས་རྒྱལ་ནང་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རིན་ཐང་ཞེས་པའི་རྩ་འཛུགས་བཙུགས་ནས་བཅོས་བསྒྱུར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་གྲོས་ཚོགས་ཐོག་མའི་སྟེང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སེར་ཝེ་ཡཱའི་ཕྱོགས་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྲོས་མཐུན་བཀོད་པའི་གྲོས་མོལ་སྒྲོམ་གཞི་སྤྲད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བལྟས་ན། གྲོས་མོལ་སྒྲོམ་གཞི་དེ་ནི་སྔོན་ཆད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་གྱི་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། དེང་སྐབས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགྱུར་ལྡོག་དང་འཚམ་པར་མ་ཟད། སེར་ཝེ་ཡཱའི་ད་ལྟའི་གནས་ཚུལ་དང་ཁྱད་ཆོས་ལ་བསམ་བློ་གང་ལེགས་བཏང་སྟེ་གཏན་འབེབས་བྱས་པ་ཡིན་པར་འདོད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་མོལ་གྱི་དམིགས་ཡུལ་ནི་སེར་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་དང་ལེན་བྱས་ཏེ་ལག་བསྟར་གང་ལེགས་བྱེད་དུ་འཇུག་པའི་ཆེད་དུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག