མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་སྲིད་གཞུང་གིས་འཇར་པན་དཔོན་རིགས་ཀྱིས་ཨན་ཁྲོན་ཀིན་ལ་དམའ་འབེབས་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་དཔྱད་བརྗོད་སྤེལ་ཏེ། འཇར་པན་སྲིད་གཞུང་གིས་ཧན་གོའི་རང་བཙན་ལས་འགུལ་སྤེལ་མཁན་ཨན་ཁྲོང་ཀིན་ནི་འཇིགས་སྐུལ་ཉེས་ཅན་ཡིན་པར་བཤད་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཨན་ཁྲོང་ཀིན་ནི་རྒྱལ་ཁབ་ཀྱི་རང་བཙན་དང་ཤར་ཕྱོགས་རྒྱལ་ཁབ་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་དཔའ་སྤོབས་ཀྱིས་འབད་འབུངས་བྱས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་དང་། འཛམ་གླིང་མི་དམངས་ཀྱིས་གོང་བཀུར་བྱེད་པའི་དཔའ་བོ་ཞིག་ཀྱང་ཡིན་པ་ནན་བཤད་བྱས།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། འཇར་པན་གྱི་མི་སེར་སྤེལ་བའི་དབང་བསྒྱུར་སྐབས་སུ། དབྱེ་ཐིན་པའོ་ཝུན་གྱིས་བཙན་སྐུལ་འོག་ཧན་གོའི་བར་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་པ་དང་། འཇར་པན་གྱི་དྲག་ཤུགས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་བདག་ཟུང་བྱས་ཤིང་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་ལ་གཏོར་བརླག་བྱས་ཏེ། སྐབས་དེའི་མང་ཚོགས་ལ་དཀའ་སྡུག་ཚད་མེད་བཟོས་མྱོང་ཟེར།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ད་རུང་བཤད་རྒྱུར། འཇར་པན་སྲིད་གཞུང་གི་དཔོན་རིགས་ཀྱིས་ལུགས་དང་མི་མཐུན་པའི་གཏམ་བཤད་སྤེལ་བ་དེ་ལས་འཇར་པན་སྲིད་གཞུང་གིས་སྔར་བཞིན་བཙན་འཛུལ་ལོ་རྒྱུས་ཡག་བཤད་བྱེད་བཞིན་པ་གསལ་བོར་མཚོན་ཐུབ། འཇར་པན་མཐོ་རིམ་དཔོན་རིགས་ཀྱིས་སྔ་མོ་ནས་འདས་སོང་གི་ནོར་འཁྲུལ་བྱ་སྤྱོད་ལ་འགྱོད་གཤེགས་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་ལོ་རྒྱུས་རྣལ་མ་དང་ལེན་བྱེད་དགོས་ཟེར།

ཨན་ཁྲོང་ཀིན་གྱི་རྗེས་དྲན་ཁང་དེ་ཚེས་བཅུ་དགུའི་ཉིན་ཀྲུང་གོའི་ཧཱ་ཨར་པེན་ནས་ལེགས་འགྲུབ་བྱུང་བ་དང་། ཧན་གོའི་སྲིད་གཞུང་གིས་དེར་དགའ་བསུ་བྱས་པར་མ་ཟད་གདེང་འཇོག་ཚད་མེད་བྱས།

འཇར་པན་སྲིད་གཞུང་གི་མགྲིན་ཚབ་པ་ཅན་དབྱེ་ཝེ་ཡིས་ཚེས་ཉི་ཤུའི་ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨན་ཁྲོང་ཀིན་ལ་རྗེས་དྲན་ཁང་བཞེངས་པའི་གནད་དོན་ཐད་ནས་ཧན་གོ་དང་ཀྲུང་གོར་ངོ་རྒོལ་བྱས་པ་དང་། ཨན་ཁྲོང་ཀིན་ནི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཐོག་མ་དབྱེ་ཐིན་པའོ་ཝུན་ལྐོག་གསོད་བྱས་ནས་སྲོག་ཁྲིམས་བཅད་པའི་འཇིགས་སྐུལ་ཉེས་ཅན་ཞིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག