མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་མི་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་ཚེས20ཡི་ཉིན་བཤད་རྒྱུར། དབྱི་ལིང་གིས2012ལོར་བཀོད་པའི་རི་ནེ་ཝའི་སྤྱི་སྒྲོག་ནི་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་རྨང་གཞི་ཡིན་པར་ཁས་ལེན་མ་བྱས་པའི་དབང་གིས། དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཐེངས་འདིའི་གྲོས་ཚོགས་དེ་དབྱི་ལིང་མ་ཞུགས་པའི་གནས་ཚུལ་འོག་སྤེལ་རྒྱུ་ཐག་བཅད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་འབྲེལ་ཡོད་གསལ་སྒྲོག་སྒྲོག་འདོན་བྱས། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྲོས་འཆམ་བྱུང་བའི་རི་ནེ་ཝའི་སྤྱི་སྒྲོག་ནི་ནམ་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་ཅིང་། སི་རི་ཡཱའི་ཉམས་ཉེ་མཇུག་སྒྲིལ་བའི་སྒྲོམ་གཞི་ཞིག་ཡིན་པ་དང་། ཚེས་ཉེར་གཉིས་ཉིན་སུའེ་ཙེར་གྱི་མིན་ཐི་ལེ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཞུགས་པའི་གྲོས་ཚོགས་དང་། ཚེས་ཉེར་བཞིའི་ཉིན་སི་རི་ཡཱའི་ཕྱོགས་ཁག་སོ་སོས་བསྡུ་རྒྱུ་ཡིན་པའི་གྲོས་མོལ་གྱི་རྨང་གཞི་ཡང་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གི་མཐོ་རིམ་དཔོན་པོས་དེའི་སྔོན་གྲོས་མོལ་མང་བོའི་སྐབས་ཕན་ཅི་བུན་ལ་ཁག་ཐེག་བྱས་དོན། དབྱི་ལིང་གིས་རི་ནེ་ཝའི་སྤྱི་སྒྲོག་དང་བཅས་པའི་ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་རྨང་གཞི་དང་དམིགས་འབེན་ལ་ཡིད་ཆེས་བྱེད་ཅིང་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཕན་ཅི་བུན་གྱིས་དབྱི་ལིང་གིས་ཚེས20ཡི་ཉིན་སྤེལ་བའི་གསལ་སྒྲོག་དེ་སྔོན་གྱི་ཁས་ལེན་དང་མི་འཚམ་པར་ཡིད་འཕང་བའི་ཚུལ་བསྟན། ཁོས་ནམ་རྒྱུན་དབྱི་ལིང་རི་ནེ་ཝའི་སྤྱི་སྒྲོག་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཐུན་མོང་ལྟ་ཚུལ་དེའི་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཡང་། དབྱི་ལིང་གིས་ཐུན་མོང་ལྟ་ཚུལ་དེ་དང་ལེན་མ་བྱས་པའི་དབང་གིས་ཕན་ཅི་བུན་གྱིས་ཚེས་ཉེར་གཉིས་ཉིན་གྱི་གྲོས་ཚོགས་དེ་དབྱི་ལིང་མ་ཞུགས་པའི་གནས་ཚུལ་འོག་སྤེལ་རྒྱུ་ཐག་བཅད་པ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱེད་མཁན་གྱི་ཨ་མེ་རི་ཁ་དང་ཨུ་རུ་སི། དེ་མིན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པ་དག་དུས་ཡུན་རིང་བོར་རེ་སྒུག་བྱས་ཤིང་ཞི་བདེ་ལ་ཡར་སྐུལ་བྱེད་པར་གལ་འགངས་ཧ་ཅང་ཆེ་བའི་གྲོས་ཚོགས་དེར་ཞུགས་པར་རེ་སྒུག་བྱས་ཡོད་ལ། སི་རི་ཡཱའི་ཕྱོགས་ཁག་སོ་སོ་དང་འབྲེལ་ཡོད་ས་ཁུལ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་དྲག་ཤུགས་མཇུག་སྒྲིལ་ནས་སི་རི་ཡཱ་གསར་བར་བསྐྱོད་པའི་བར་བརྒལ་འཕེལ་རིམ་མགོ་རྩོམ་པའི་འགན་འཁྲི་ཁུར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག