མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་རང་དབང་དམངས་གཙོ་ཏང་གི་འཐུས་མིའི་ཚོགས་ཆེན་ནས་ཞུ་ཚིག་ཕུལ་ཏེ2014ལའི་ལོར་རྩ་ཁྲིམས་བཟོ་བཅོས་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས19ཡི་ཉིན་བསྡུས་པའི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་གྱ་གཅིག་པའི་སྟེང་ཞུ་ཚིག་ཕུལ་ཏེ། ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོ་ནི་འཁོར་བསྐྱོད་རང་བཞིན་དཔལ་འབྱོར་གྲུབ་ཚུལ་ཆགས་པར་བྱས་ནས་རྩ་ཁྲིམས་བཟོ་བཅོས་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་ནན་བཤད་བྱས།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། དཔལ་འབྱོར་སླར་གསོ་བྱུང་བའི་སྐབས་སུ་ངེས་པར་དུ་འཁོར་བསྐྱོད་བཟང་བའི་དཔལ་འབྱོར་གྲུབ་ཚུལ་ཆགས་དགོས་པ་དང་། ད་ལོར་མུ་མཐུད་དུ་འཇར་པན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཤིང་། འཇར་པན་གྱི་དཔལ་འབྱོར་དར་སྤེལ་བྱེད་པ་དང་། རྒྱལ་དམངས་ཀྱི་ཡོང་འབབ་ཇེ་མཐོར་བཏང་སྟེ། འཛད་སྤྱོད་ཚོང་ར་རྒྱ་བསྐྱེད་པ་ནི་རང་དབང་དམངས་གཙོ་ཏང་དང་སྲིད་གཞུང་གི་བྱ་བའི་གཙོ་གནད་དུ་འཛིན་དགོས་ཟེར།

ཨན་པའེ་ཅིན་སན་གྱིས་ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། གོང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ཟླ་འདིའི་ཚེས24ཡི་ཉིན་བསྡུ་རྒྱུ་ཡིན་པའི་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་གང་མགྱོགས་ཀྱིས2013ལོའི་ཁ་གསབ་སྔོན་རྩིས་དང2014ལོའི་རྒྱལ་ཁབ་ནོར་སྲིད་སྔོན་རྩིས་ལ་གྲོས་འཆམ་འབྱུང་དགོས་ཟེར།

ཁོས་བཤད་རྒྱུར། ཟླ4བ་ནས་བཟུང་འཛད་སྤྱོད་ཁྲལ་དངུལ་དེ5%ནས8%དུ་འཕར་ནས་འཛད་སྤྱོད་ཚོང་རར་ཤུགས་རྐྱེན་ཐེབས་སྲིད་ཀྱང་། ང་ཚོས་འཇར་པན་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཉམས་ཉེན་ལས་ཐར་བའི་གོ་སྐབས་གཏན་ནས་ཤོར་དུ་འཇུག་མི་རུང་ཟེར། ཁོས་ཏང་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་རྩ་ཁྲིམས་བཟོ་བཅོས་བྱེད་པ་དེ་རང་དབང་དམངས་གཙོ་ཏང་གི་ཉིས་སྟོང་བཅུ་བཞི་ལོའི་བྱ་བའི་དམིགས་འབེན་གཙོ་བོར་བྱས་ཏེ་རང་དབང་དམངས་གཙོ་ཏང་གི2014ལོའི་འགུལ་སྐྱོད་བྱེད་ཕྱོགས་ནང་བཀོད། དེ་ལས་ཨན་པའེ་ཅིན་སན་གྱིས་ད་ལོར་རྩ་ཁྲིམས་བཟོ་བཅོས་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཐག་བཅད་ཡོད་པ་མཚོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག