མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་སྔོན་ཆད་ཀྱི་ཙུང་ལི་ཡིས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས་འཕེལ་རྒྱས་གསར་སྐྲུན་གྱི་ལམ་དུ་བསྐྱོད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 11:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཚན་རིག་གླིང་གི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། སྲིད་གཞུང་གི་སྔོན་ཆད་ཀྱི་ཙུང་ལི་ཕུའུ་ལི་མཱ་ཁི་ཧྥུའུ་ཡིས་ཉེ་སྔོན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སི་འཛམ་གླིང་དཔལ་འབྱོར་ཉམས་ཉེན་གྱི་ཆེས་དཀའ་སྡུག་ཆེ་བའི་དུས་རིམ་ལས་བདེ་བླག་ངང་བརྒལ་ཡོད་ཀྱང་། ཨུ་རུ་སིའི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ད་རུང་སྔར་བཞིན་ཇེ་མཐོར་གཏོང་དགོས། ཨུ་རུ་སི་རྒྱལ་ཁབ་ཀྱིས་སྔོན་ཆད་མ་བཅོས་རྒྱུ་ཆའི་ཕྱིར་གཏོང་ལ་བརྟེན་པའི་འཕེལ་རྒྱས་རྣམ་པ་བསྐྱུར་ཞིང་དཔལ་འབྱོར་གྲུབ་ཚུལ་ལ་ལེགས་སྒྲིག་བྱས་ཏེ་འཕེལ་རྒྱས་གསར་སྐྲུན་གྱི་ལམ་དུ་བསྐྱོད་དགོས་ཟེར།

ཕུའུ་ལི་མཱ་ཁི་ཧྥུའུ་ཡིས་བཤད་རྒྱུར། བཀའ་རྒྱ་རང་བཞིན་གྱི་རྒྱལ་ཁབ་དཔལ་འབྱོར་འཕར་སྣོན་འཆར་གཞི་མེད་ན། ཨུ་རུ་སིའི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ནུབ་ཕྱོགས་རྒྱལ་ཁབ་ལས་རྗེས་སུ་ལུས་པའི་གནས་ཚུལ་ལེགས་བཅོས་བྱེད་ཐབས་མེད་ལ། ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་གླེང་བའི་སྙན་ཞུའི་ནང་ཨུ་རུ་སིའི་དཔལ་འབྱོར་ལ་གནད་དོན་སྣ་ཚོགས་བྱུང་བར་བསྟན་པ་ནི་སྲིད་གཞུང་གི་ནུས་པ་ཞན་པའི་མཇུག་འབྲས་དངོས་རེད་ཟེར། ཁོས་བསྟན་དོན། ཨུ་རུ་སི་ནས་དེང་སྐབས་རྒྱལ་ཁབ་ཀྱིས་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པ་ནི་དགོས་ངེས་ཀྱི་དོན་ཞིག་ཡིན་པ་དང་། སྒེར་དབང་ཅན་དང་ཐོན་སྐྱེད་སྤྱི་ལ་དབང་བ་མིན་ན་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར། ཁོས་བལྟས་ན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བརྒྱད་ལོ་ནས་ཉིས་སྟོང་དགུ་ལོའི་བར་གྱི་དངུལ་ལོར་ཉམས་ཉེན་གྱི་སྐབས་སུ་སྲིད་གཞུང་གི་དཔལ་འབྱོར་ཐད་ཀྱི་ཤུགས་རྐྱེན་ཇེ་ཆེར་བཏང་བ་དང་། ད་ལྟའི་བར་སྣང་ཚུལ་དེ་སྲུང་འཛིན་བྱས་ཡོད་པར་འདོད།

ཕུའུ་ལི་མཱ་ཁི་ཧྥུའུ་ཡི་ལྟ་ཚུལ་ལྟར་ན། དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་ཆེད། ཨུ་རུ་སི་རྒྱལ་ཁབ་ཀྱིས་ངེས་པར་དུ་དངུལ་གཏོང་ལས་གཞི་ལག་བསྟར་བྱེད་དགོས་པར་མ་ཟད། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་གཏོར་བརླག་ཐེབས་པའི་བཟོ་ལས་མ་ལག་བསྐྱར་འཛུགས་བྱེད་དགོས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག