མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་འདོད་སེལ་བུད་མེད་ཀྱི་ཆོད་དོན་འཆར་ཟིན་ལ་གྲོས་མཐུན་བཀོད་དེ་འཇར་པན་སྲིད་གཞུང་གིས་དངོས་སུ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 11:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམངས་གྲོས་ཁང་གི་རྗེས་སུ་ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་ཚེས16ཉིན་གྱི་སྔ་དྲོར་ཚང་འཛོམས་གྲོས་ཚོགས་སྟེང་འདོད་སེལ་བུད་མེད་ཀྱི་གནད་དོན་འདུས་པའི་ཨ་མེ་རི་ཁའི་སྲིད་གཞུང་གི་ཉིས་སྟོང་བཅུ་བཞི་ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་གྲོས་འཆམ་བྱུང་། དེ་ནི་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་ཐོག་མར་འདོད་སེལ་བུད་མེད་ཀྱི་གནད་དོན་ལ་འབྲེལ་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པ་རེད། ཚེས17ཉིན་ཨ་མེ་རི་ཁའི་སྲིད་གཞུང་ལ་སྤྲད་དེ་ཙུང་ཐུང་ཨོ་པཱ་མཱ་ཡིས་དངོས་སུ་མིང་འགོད་རྒྱུ་རེད། ཁྲའོ་ཞན་ཉིན་རེའི་ཚགས་པར་གྱིས་བཀོད་པའི་དབྱེ་ཞིབ་མི་སྣའི་དཔྱད་འཇོག་ལྟར་ན། དེ་ལས་འདོད་སེལ་བུད་མེད་ཀྱི་གནད་དོན་དེ་ཐོག་དང་པོར་ཨ་མེ་རི་ཁའི་བཅའ་ཁྲིམས་ལས་དོ་སྣང་བྱེད་པའི་ཁྱབ་ཁོངས་སུ་བཞག་པ་མཚོན་ཡོད་ཀྱང་། དེར་བཅའ་ཁྲིམས་ཀྱི་ཚད་བཀག་ཅི་ཡང་མེད་ཟེར། ཧན་གོའི་ཕྱོགས་ཀྱིས་དེར་དགའ་བསུ་ཞུས་པ་དང་། དེ་ལས་ཨ་མེ་རི་ཁས་འཇར་པན་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཇེ་ཆེར་གཏོང་དགོས་པར་འདོད། ཡིན་ན་ཡང་འཇར་པན་གྱིས་སྔར་བཞིན་བྱེད་ཐབས་སྣ་ཚོགས་སྤྱད་དེ་རང་ཉིད་ལ་དག་འབུད་བྱེད་བཞིན་ཡོད།

ཨ་མེ་རི་ཁའི་འཛམ་གླིང་ཡོངས་ཀྱི་སྦྲགས་སྲིད་ཚགས་པར་སྟེང་བཀོད་པ་ལྟར་ན། འདོད་སེལ་བུད་མེད་ཀྱི་གྲོས་ཆོད་ནི་ཕ་ཡུལ་འཇར་པན་གྱི་ཡིན་པའི་ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་མི་པིན་ཐེན་གྱིས་ཉིས་སྟོང་བདུན་ལོར་སྣེ་ཁྲིད་དེ་བཏོན་པ་ཡིན་ཞིང་། འཇར་པན་སྲིད་གཞུང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་བཙན་ཤེད་ཀྱིས་ཨེ་ཤ་ཡཱའི་རྒྱལ་ཁབ་གཞན་པ་ནས་བསྡུས་པའི་བུད་མེད་འབུམ་གཉིས་ཙམ་འཇར་པན་དམག་དཔུང་གི་འདོད་སེལ་བུད་མེད་དུ་བྱས་པའི་བྱ་སྤྱོད་ཐད་ནས་དངོས་སུ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་ཡོད། པིན་ཐེན་གྱིས་རྒྱལ་ཚོགས་ཀྱིས་འདོད་སེལ་བུད་མེད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དེ་ནི་དུས་ཡུན་རིང་བོར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་ལོག་གཡེམ་མྱངས་པའི་ཨེ་ཤ་ཡཱའི་བུད་མེད་དག་གི་ཆེད་དུ་དྲང་བདེན་སྐྱོང་བའི་བྱ་སྤྱོད་རྣལ་མ་ཞིག་ཡིན་པར་འདོད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག