མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ལྐོག་ཉན་དོན་རྐྱེན་གྱིས་མའོ་ཁི་ཨར་བར་གྱི་མཛའ་མཐུན་འབྲེལ་བར་གནོད་པ་ཐེབས་སུ་མི་འཇུག་པར་ཁས་ལེན་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 11:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས18ཉིན་བཤད་རྒྱུར། ཁོས་ལྐོག་ཉན་དོན་རྐྱེན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་བར་གྱི་མཛའ་མཐུན་འབྲེལ་བར་གནོད་པ་ཐེབས་སུ་མི་འཇུག་པར་ཁས་ལེན་བྱས་ཀྱང་། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་ལྐོག་ཉན་བྱ་འགུལ་མཚམས་འཇོག་མི་སྲིད་ཟེར།

ཨོ་པཱ་མཱ་ཡིས་འཇར་མན་བརྙན་འཕྲིན་ཁང་གཉིས་པའི་བཏང་བའི་ཆེད་དོན་བཅར་འདྲིའི་ནང་བཤད་རྒྱུར། ལྐོག་ཉན་དོན་རྐྱེན་དེས་ཁོ་དང་མའོ་ཁི་ཨར་བར་གྱི་ཡིད་ཆེས་དང་མཛའ་མཐུན་སྟེང་བཙུགས་པའི་འབྲེལ་བར་གནོད་པ་ཐེབས་མི་སྲིད་ཅིང་། ངས་ངེས་པར་དུ་ང་ཚོའི་བར་གྱི་འབྲེལ་བར་ལྐོག་ཉན་དོན་རྐྱེན་གྱི་གཏོར་བརླག་མི་ཐེབས་པར་བྱེད་དགོས། ལྐོག་ཉན་དོན་རྐྱེན་དེས་ང་ཚོའི་བར་གྱི་ཡིད་ཆེས་ཀྱིས་ཁེངས་པའི་འབྲེལ་འདྲིས་ལ་བཀག་རྒྱ་ཐེབས་ཡོད་ཟེར།

ཨོ་པཱ་མཱ་ཡིས་གསར་འགོད་པའི་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་མའོ་ཁི་ཨར་གྱི་ལག་ཁྱེར་ཁ་པར་ལ་ལོ་འགའི་རིང་ལྐོག་ཉན་བྱས་པའི་གནད་དོན་ཐད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ང་རང་ཉིད་ཨ་མེ་རི་ཁའི་ཙུང་ཐུང་ཡིན་པའི་སྐབས་སུ་མའོ་ཁི་ཨར་གྱིས་དོན་དེར་སེམས་ཁུར་བྱེད་མི་དགོས། ཕྱི་འབྲེལ་སྲིད་ཇུས་ཐད་ནས་ཁོ་དང་མའོ་ཁི་ཨར་གྱི་བསམ་ཚུལ་གཅིག་མཚུངས་སུ་མ་ངེས་ཀྱང་དེ་ནི་ལྐོག་ཉན་གྱི་རྒྱུ་མཚན་དུ་བྱེད་མི་རུང་ཟེར། ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་དུས་ནམ་ཞིག་ནས་བཟུང་མའོ་ཁི་ཨར་གྱི་ལག་ཁྱེར་ཁ་པར་ལ་ལྐོག་ཉན་བྱས་པ་གསལ་བོར་མ་བཤད།

ཨོ་པཱ་མཱ་ཡིས་གསལ་བོར་བསྟན་དོན། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་མུ་མཐུད་དུ་གཞི་གྲངས་འཚོལ་སྡུད་བྱེད་རྒྱུ་ཡིན་པ་དང་། དེར་འགྱུར་ལྡོག་འབྱུང་མི་སྲིད། དེ་ལྟར་བྱས་ན་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་པར་མ་ཟད། མནའ་མཐུན་གྲོགས་པོའི་བདེ་འཇགས་ལའང་འགན་སྲུང་བྱེད་ཐུབ་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱི་ལྐོག་ཉན་ནུས་པ་དེ་རྒྱལ་ཁབ་མང་བོ་ལས་ལྷག་པས་ཨ་མེ་རི་ཁས་དམིགས་བསལ་གྱི་འགན་འཁྲི་ཁུར་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག