མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མ་ཡིས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་གཙོར་ལྐོག་ཉན་བྱེད་མཚམས་བཞག་པ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས17ཉིན་གསང་འཕྲིན་བཅོས་སྒྱུར་གྱི་ཇུས་གཞི་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། ཁོས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་གཙོར་ལྐོག་ཉན་བྱེད་མཚམས་འཇོག་རྒྱུའི་ཐག་བཅད་མོད། ཡིན་ནའང་ཨ་མེ་རི་ཁས་མུ་མཐུད་དུ་རྒྱལ་ཁབ་གཞན་པའི་གསང་འཕྲིན་མྱུལ་ཞིབ་བྱེད་རྒྱུ་ཡིན་ཞེས་གསལ་བོར་བཤད།

ཉིན་དེར་ཁྲིམས་སྐྱོང་དང་དྲང་བདེན་གྱི་མཚོན་བྱེད་དུ་གྱུར་པའི་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ནས། ཨོ་པ་མ་ཡིས་གསང་འཕྲིན་ཁོངས་གཏོགས་ཀྱི་བཅོས་སྒྱུར་ཐད་ནས་གཏམ་བཤད་སྤེལ། འདི་ནི་ན་ནིང་གི་ཟླ་དྲུག་པར་སི་ནོ་ཏིན་གྱིས་ཨ་མེ་རི་ཁའི་གཞི་ཁྱོན་ཆེ་བའི་ལྐོག་ཉན་དང་ལྟ་རྟོག་གི་ལས་གཞིའི་གསང་བ་ཕྱིར་བརྟོལ་རྗེས། ཨོ་པ་མ་ཡིས་ཨ་མེ་རི་ཁའི་གསང་འཕྲིན་གནད་དོན་ཐད་ནས་བཏབ་པའི་ཆེས་ཆ་ཚང་བའི་ལན་ཞིག་རེད།

རྒྱལ་ཕྱིའི་གསང་འཕྲིན་བཅོས་སྒྱུར་གྱི་སྐོར་གླེང་སྐབས། ཨོ་པ་མ་ཡིས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་གཙོར་ལྐོག་ཉན་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། སི་ནོ་ཏིན་གྱིས་འདོན་སྤྲོད་བྱས་པའི་ཡིག་ཆ་ལྟར་ན། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཁབ་མང་པོའི་མགོ་གཙོའི་ཁ་པར་སོགས་ལ་ཡུན་རིང་པོར་ལྐོག་ཉན་བྱས་པ་དང་། དེའི་ནང་དུ་འཇར་མན་གྱི་ཙུང་ལི་མོ་ཁི་ཨར་སོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་གཙོ་ཡང་འདུ།

ཨོ་པ་མ་ཡིས་ངས་གསང་འཕྲིན་ལས་ཁུངས་ལ་གལ་ཏེ་ངེས་པར་དུ་མཁོ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་དམིགས་ཡུལ་ཡོད་ན་མ་གཏོགས། རང་རྒྱལ་ཁབ་ཀྱི་མཛའ་མཐུན་རྒྱལ་ཁབ་དང་མནའ་མཐུན་རྒྱལ་ཁབ་ཀྱི་མགོ་གཙོའི་ཁ་པར་ལ་ལྐོག་ཉན་བྱེད་མི་རུང་ཞེས་གསལ་བོར་བཤད་ཡོད་ཟེར།

ཨོ་པ་མ་ཡིས་གལ་ཏེ་ང་རང་གིས་མགོ་གཙོ་དེ་དག་གིས་དོན་དག་ཅིག་ལ་འཛིན་པའི་ལྟ་ཚུལ་ཤེས་འདོད་ཚེ། ངས་ཁོ་ཚོར་ཁ་པར་གཏོང་བ་མ་གཏོགས། ལྟ་རྟོག་གི་ཐབས་ཤེས་སྤྱོད་མི་སྲིད་ཅེས་བཤད།

ཡིན་ནའང་ཨོ་པ་མ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་རྒྱལ་ཁབ་གཞན་པའི་གསང་འཕྲིན་མྱུལ་ཞིབ་བྱེད་རྒྱུ་ཡིན་ལ། མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་སྲིད་གཞུང་གི་འདོད་བློའི་ཐད་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱེད་རྒྱུ་ཡིན་ཞེས་གསལ་བོར་བཤད།

རྒྱལ་ཕྱིའི་སྤྱིར་བཏང་གི་མང་ཚོགས་སྐོར་གླེང་སྐབས། ཨོ་པ་མ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འཛམ་གླིང་སྟེང་དུ་མགོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་ལ། དེར་མང་ཚོགས་ཀྱི་ཡིད་ཆེས་དང་མཉམ་ལས་མཁོ་བས། ཁོས་ཙུང་ཐུང་གི་བཀའ་རྒྱ་གསར་བ་བསྒྲགས་ཏེ། ལུགས་མཐུན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་དམིགས་ཡུལ་ཡོད་ཚེ་རྒྱལ་ཕྱིའི་མང་ཚོགས་ལ་ལྐོག་ཉན་བྱེད་རྒྱུ་མ་གཏོགས། གང་འདོད་ལྟར་ཁོ་ཚོའི་གློག་རྡུལ་འཕྲིན་ཡིག་དང་ཁ་པར་སོགས་ལ་ཞིབ་བཤེར་བྱས་མི་ཆོག་པའི་རེ་བ་བཏོན་པ་ཡིན་ཟེར།

ཨོ་པ་མ་ཡིས་རྒྱལ་ཕྱིའི་ལྐོག་ཉན་སྤེལ་ཆོག་པའི་ཁྱབ་ཁོངས་དྲུག་དཔེ་རུ་དྲངས་པ་སྟེ། དེ་དག་ནི་གསང་འཕྲིན་ངོ་རྒོལ་དང་འཇིགས་སྐུལ་ངོ་རྒོལ། མཚོན་ཆ་ཁྱབ་བརྡལ་ལ་ངོ་རྒོལ། དྲ་རྒྱའི་བདེ་འཇགས། ཨ་རིའི་དམག་དཔུང་དང་མནའ་གྲོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་རྡུང་རྡེག་བཅས་རེད།

དེས་མི་ཚད་ཨོ་པ་མ་ཡིས་ཨ་མེ་རི་ཁའི་རྒྱལ་ཁབ་གསང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བས་ཁྲིམས་འཛིན་པུའུ་ཀྲང་ལ་གྲོས་མོལ་བྱས་ཏེ། དོགས་ཟོན་གྱི་བྱེད་ཐབས་གསར་བ་གཏན་འབེབ་བྱས་ནས། གསང་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཕྱིའི་འཕྲིན་གཏོང་ཆ་འཕྲིན་བཀོལ་བར་ཚད་བཀག་བྱེད་དགོས་པར་མ་ཟད། ཆ་འཕྲིན་དེ་དག་ཉར་ཚགས་བྱེད་པའི་དུས་ཚོད་ཇེ་ཐུང་ལ་གཏོང་དགོས་པའི་མཛུབ་སྟོན་གནང་།

བཅོས་སྒྱུར་ལག་ལེན་མཐར་ཕྱིན་བྱེད་ཆེད། ཨོ་པ་མ་ཡིས་གཏམ་བཤད་སྐབས། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་རིམ་དཔོན་རིགས་ཤིག་གཏན་ཁེལ་བྱས་ཏེ་དེར་འཕྲིན་གཏོང་ཆ་འཕྲིན་གསང་འཕྲིན་དང་འབྲེལ་བའི་ཕྱི་འབྲེལ་དོན་དག་ཐད་ནས་མཐུན་སྦྱོར་བྱེད་པའི་འགན་འཁུར་དུ་འཇུག་རྒྱུ་ཡིན་ལ། ཕོ་བྲང་དཀར་པོས་ཀྱང་མཐོ་རིམ་དཔོན་རིགས་ཤིག་གཏན་ཁེལ་བྱས་ཏེ། གོང་གི་བཅོས་སྒྱུར་གྱི་ཇུས་གཞི་རབ་དང་རིམ་པ་དེ་དག་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག