མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་ལོ་གསར་བའི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིས་སྟོང་བཅུ་བཞི་ལོའི་གཏམ་བཤད་ཐེངས་དང་པོ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཟིང་འཁྲུག་དང་འཇིགས་སྐུལ་རིང་ལུགས། ནམ་ཟླའི་འགྱུར་ལྡོག འཕེལ་རྒྱས་གནད་དོན་སོགས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་གཏམ་བཤད་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཡོངས་ཀྱི་ལོ་གསར་བའི་འགྲན་རྩོད་དཔེ་རུ་དྲངས། ཁོས་ཐོག་མར་སི་རི་ཡ་དང་སུའུ་ཏན་ལྷོ་མ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ། ཁོང་ཀོ་ཅིན་བཅས་ཀྱི་ཉམས་ཉེན་གླེང་། ཁོས་བཤད་རྒྱུར། ང་ཚོས་འབད་བརྩོན་ལྷོད་མེད་སྒོས་ཕྱོགས་སོ་སོ་གཟའ་འཁོར་རྗེས་མར་སུའེ་ཙེར་ནས་བསྡུ་རྒྱུ་ཡིན་པའི་སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུ་ལ་ཞུགས་པར་སྐུལ་སློང་བྱེད་བཞིན་ཡོད་པ་མ་ཟད། སི་རི་ཡའི་ཕྱོགས་སོ་སོས་ཆབ་སྲིད་འཕེལ་རིམ་གྱི་བྱ་བ་སྤེལ་མགོ་བརྩམས་ཏེ། སྲིད་འཛིན་གྱི་ནུས་པ་ཡོད་པའི་བར་བརྒལ་དོ་དམ་ལས་ཁུངས་བཙུགས་ནས། དྲག་ཤུགས་མཚམས་འཇོག་པར་ཡར་སྐུལ་བྱེད་བཞིན་ཡོད་ཟེར། ཕན་ཅི་ཝུན་གྱིས་ད་དུང་སུའུ་ཏན་ལྷོ་མའི་ཕྱོགས་སོ་སོས་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་དྲག་ཤུགས་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འབད་བརྩོན་བྱས་ཏེ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་དང་བརྟན་འཇགས་མྱུར་དུ་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སྐོར་གླེང་སྐབས། ཕན་ཅི་ཝུན་གྱིས་ཉིས་སྟོང་བཅུ་བཞི་ལོ་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་པར་ཧ་ཅང་གལ་ཆེ་བ་དང་། ཁོས་དེང་སྐབས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ་མ་ཟད། ཕྱོགས་སོ་སོས་བཙན་འཛུལ་མཚམས་འཇོག་པ་དང་རྒྱལ་ཁབ་གཉིས་བར་གྲོས་མཐུན་འགོད་པའི་ཆེད་དུ་བློ་སྤོབས་ཆེ་བའི་དམ་བཅའ་འཇོག་པར་འབོད་སྐུལ་གཏོང་བཞིན་ཡོད་ཅེས་བཤད།

ཨེ་ཤ་ཡ་ཤར་བྱང་དང་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་རྒྱལ་སྤྱིའི་འབྲེལ་བའི་སྐོར་གླེང་སྐབས། ཕན་ཅི་ཝུན་གྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཐག་གཅོད་པ་དང་། ལོ་རྒྱུས་དང་གནད་དོན་གཞན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བྱས་ཏེ། སྔར་ལས་འཆམ་མཐུན་གྱི་འབྲེལ་བ་འཛུགས་པར་འབད་བརྩོན་བྱེད་རྒྱུའི་རེ་བ་བཏོན།

ཕན་ཅི་ཝུན་གྱིས་བསྟན་དོན། ད་ལྟ་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་མཇུག་མཐའི་ཚད་བཀག་བར་དུ་ཉིན་བདུན་བརྒྱ་དང་བཅུ་བཞི་མ་གཏོགས་མེད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་གིས་དབུལ་སེལ་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་དག་གིས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དང་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དང་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་གྲོས་མོལ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།

ནམ་ཟླའི་འགྱུར་ལྡོག་གི་གནད་དོན་ཐད་ནས། ཕན་ཅི་ཝུན་གྱིས་ནམ་ཟླའི་འགྱུར་ལྡོག་ཁ་གཏད་འཇལ་བར་འབད་བརྩོན་བྱས་ན་འཕེལ་རྒྱས་ལ་ཕན་པ་ཡོད་པས། ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ཁོས་མགོ་འཛིན་བྱས་ཏེ་འཛམ་གླིང་གི་ནམ་ཟླའི་མཐོ་རིམ་ཚོགས་འདུ་ཞིག་བསྡུ་རྒྱུ་ཡིན་ལ། ཚོགས་འདུའི་སྟེང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ནས་ལྟ་བ་གཅིག་མཐུན་འབྱུང་རྒྱུ་ནི་ཁོའི་རེ་བ་ཡིན་ཞེས་བཤད།

ཕན་ཅི་ཝུན་གྱིས་ད་དུང་ཚོགས་ཞུགས་རྒྱལ་ཁབ་དག་གིས་ཆབ་སྲིད་དང་ནོར་སྲིད་སོགས་ཕྱོགས་ནས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག