མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་མགོ་ཁྲིད་པས་ལེ་པཱ་ནུན་ཤར་ཕྱོགས་ས་ཁུལ་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས། ཙུང་ལིའི་འདེམ་སྒུག་མི་སྣ་སཱ་ལཱ་མུའུ། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བཅས་ཀྱིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ལེ་པཱ་ནུན་ཤར་ཕྱོགས་ཀྱི་ཧི་ཨར་མུའུ་ལེ་གྲོང་རྡལ་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།

སུའུ་ལེ་མན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཧི་ཨར་མུའུ་ལེ་གྲོང་རྡལ་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནི་ལེ་པཱ་ནུན་གྱི་བརྟན་འཇགས་ལ་གཏོར་བརླག་བྱེད་པར་དམིགས་པའི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པ་དང་། རྒྱལ་ཁབ་ལ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་མི་ཐེབས་པར་བྱེད་ཆེད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་དང་མི་དམངས་མཐུན་སྒྲིལ་བྱས་ཏེ། མྱུར་དུ་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་ཞིག་རྩ་འཛུགས་བྱས་ཏེ་འགྲན་རྩོད་དང་ཉེན་ཁ་དེ་དག་ཐག་གཅོད་བྱེད་དགོས་ཟེར། ཁོས་བདེ་འཇགས་དམག་དཔུང་གིས་བྱེད་ཐབས་སྤྱད་དེ་གང་མགྱོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་བཟོ་མཁན་གྱི་ལག་དམར་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

མུས་ཁཱ་ཐིས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཧི་ཨར་མུའུ་ལེ་གྲོང་རྡལ་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་གཏོང་བའི་ཆེད་དུ་ཡིན། སཱ་ལཱ་མུའུ་ཡིས་གསལ་སྒྲོག་ནང་འཇབ་རྒོལ་དོན་རྐྱེན་དེ་ནི་ངོ་གནོངས་དགོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་ནང་འཁྲུག་སློང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་གཏོར་བརླག་གཏོང་བའི་ཆེད་དུ་ཡིན་པས། ལེ་པཱ་ནུན་རྒྱལ་ནང་གི་ཆབ་སྲིད་སྣང་ཚུལ་ལེགས་བཅོས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་སླར་གསོ་བྱས་ཏེ། ཀུན་སློང་རྣམ་དག་མིན་པའི་མིས་ལེ་པཱ་ནུན་ནང་ཁུལ་གྱི་འགལ་བ་བེད་སྤྱད་དེ་ལེ་པཱ་ནུན་དང་ལེ་པཱ་ནུན་གྱི་མི་དམངས་ལ་དམིགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་གཡོ་ཇུས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་བ་ཕུའུ་ལཱ་མུའུ་པུའུ་ལེ་ཡིས་གསལ་སྒྲོག་སྤེལ་ཏེ། ཁོ་རང་ལེ་པཱ་ནུན་ནས་ཉེ་སྔོན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དྲག་ཤུགས་དོན་རྐྱེན་ལ་ཡིད་མི་བདེ་བའི་ཚུལ་བསྟན་པ་དང་། །ལེ་པཱ་ནུན་གྱི་མིས་རང་ཚོད་བཟུང་ནས་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ལེ་པཱ་ནུན་ཤར་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་ཧི་ཨར་མུའུ་ལེ་གྲོང་རྡལ་ནས་ཚེས16ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་། ལེ་པཱ་ནུན་རྒྱ་གྲམ་དམར་པོ་ཚོགས་པས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག མི་མང་བོར་ཤི་རྨས་ཐེབས་པ་ལས་གཞན་འགས་གཏོར་དོན་རྐྱེན་དེ་ལས་ཉེ་འདབས་ཀྱི་སྲིད་གཞུང་ལས་ཁུངས་དང་། ཚོང་ཁང་། སྡོད་དམངས་ཀྱི་ཁང་བ་སོགས་ལ་གཏོར་བརླག་ཐེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག