མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བར་འགས་གཏོར་འཇབ་རྒོལ་ཐེབས་ནས་མི་སུམ་ཅུ་ལྷག་ལ་རྨས་ཕོག་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:29

受伤者.jpg

ཚེས17ཉིན། ཐེ་གོའི་མན་ཀུའུ་ནས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་རུ་ཁག་ལ་འགད་རྫས་ཀྱི་འཇབ་རྒོལ་ཐེབས་རྗེས། རྨས་མ་སྨན་ཁང་དུ་སྐྱེལ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་རུ་ཁག་ཅིག་ཚེས17ཉིན་གྱི་ཕྱི་དྲོར་རྒྱལ་ས་མན་ཀུའུ་རུ་བསྐྱོད་སྐབས་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ནས་མི་སུམ་ཅུ་ལྷག་ལ་རྨས་ཕོག འགས་གཏོར་དོན་རྐྱེན་དེ་འབྱུང་སྐབས། ཐེ་གོའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་སུའུ་ཐེ་ཐི་སུའུ་པན་རུ་ཁག་དེའི་ཁྲོད་དུ་ཡོད་པ་དང་ཁོར་རྨས་ཕོག་མེད།

    འགས་གཏོར་དེའི་ཐད་ནས་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཉིས་ཀྱི་བཤད་ཚུལ་མི་འདྲ་སྟེ། སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཤུགས་དཀྲུགས་འཕེན་བསླངས་པར་སྐྱོན་བརྗོད་བྱས་པ་དང་། ངོ་རྒོལ་ཕྱོགས་ཁག་གིས་ཙུང་ལི་དབྱིན་ལཱ་ཡིས་དོན་རྐྱེན་དེར་འགན་འཁུར་དགོས་པའི་རེ་བ་བཏོན།

    ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཁྲོམ་སྐོར་རུ་ཁག་དེ་ཀྲུའུ་ལ་ལུང་ཀུང་སློབ་གྲྭ་ཆེན་མོའི་འདབས་རོལ་ནས་བསྐྱོད་སྐབས། མི་གཞན་པས་དེའི་མཐའ་འཁོར་དུ་བཀོལ་མཚམས་བཞག་པའི་ཁང་པའི་ནང་ནས་ཁྲོམ་སྐོར་རུ་ཁག་ཁྲོད་དུ་འགད་རྫས་གཡུགས་ཟེར།

    ཐེ་གོའི་མན་ཀུའུ་སྦྲག་སྲིད་ཚགས་པར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ས་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་བྱུང་ཟེར།

    མན་ཀུའུ་ཡི་མྱུར་སྐྱོབ་ལྟེ་གནས་ཤིག་གིས་དེའི་སྔོན་ལ་བསྒྲགས་པ་ལྟར་ན། མི་ཉེར་བརྒྱད་ལ་འགས་གཏོར་ཁྲོད་ནས་རྨས་ཕོག་པ་དང་། ཉིན་དེའི་དགོང་མོར། ལྟེ་གནས་དེས་རྨས་ཕོག་པའི་མི་སོ་གཅིག་ལ་བུད་པ་དང་། མི་གཅིག་ལ་རྨས་ཕོག་པ་ཧ་ཅང་ལྗིད་ཅེས་བསྒྲགས།

    ངོ་རྒོལ་ཕྱོགས་ཁག་གི་མགྲིན་ཚབ་པ་ཨ་ཁ་ན་ཡིས་གསར་འགོད་པར་བཤད་རྒྱུར། མི་གཞན་པས་རྔམ་སྟོན་པས་བསྐོར་བའི་རླངས་འཁོར་ཆེན་པོ་ཞིག་གི་སྟེང་དུ་འགད་རྫས་གཡུགས་པ་དང་། འགས་གཏོར་འབྱུང་སྐབས། སུའུ་ཐེ་འགས་གཏོར་བྱུང་ས་དང་བར་ཐག་མུས་སུམ་ཅུ་ཡོད་པའི་མཚམས་སུ་ཡོད་ལ། སྲུང་དམག་གིས་ཁོ་མྱུར་དུ་ས་གཞན་ལ་བསྐྱལ་ཟེར།

    བརྙན་འཕྲིན་བརྙན་རིས་ལས། འགས་གཏོར་བྱུང་རྗེས་མི་འགའ་ས་རུ་འགྱེལ་ཡོད་ལ། མྱུར་སྐྱོབ་རླངས་འཁོར་ས་དེར་ཐོན་ནས་རྨས་མ་སྨན་ཁང་དུ་སྐྱེལ་བཞིན་ཡོད་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་པ་ཁ་ཤས་ཉེ་འདབས་ཀྱི་ཁང་པའི་ནང་དུ་སོང་ནས་འཇབ་རྒོལ་བ་བཙལ་བཞིན་ཡོད།

    ད་སྔ་འཇབ་རྒོལ་བའི་ཐོབ་ཐང་གསལ་བོར་མི་ཤེས་པ་དང་། དམག་མི་དང་ཉེན་རྟོག་པས་ཉེ་འདབས་ཀྱི་ཁང་པར་སྔོག་བཤེར་བྱེད་སྐབས། ཁ་པར་ལྔ་དང་གྲི་ཐུང་བདུན། མེ་མདའི་ཅ་ལག་ཁ་ཤས་དང་གློག་གཉིས་བཅས་རྙེད།

    ངོ་རྒོལ་ཕྱོགས་ཁག་གིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་ནས་བཟུང་མན་ཀུའུ་བཀག་སྡོམ་ཞེས་པའི་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། ལམ་གཙོ་བོ་དང་རྒྱལ་ཁབ་ཀྱི་འཕྲིན་གཏོང་། འཁོར་སྐར་དང་རྒྱང་སྒྲོག་ལས་ཁུངས་སོགས་དམིགས་ཡུལ་གཙོ་བོར་བཟུང་ནས་འགྲིམ་འགྲུལ་འགོག་པ་དང་འཕྲིན་གཏོང་ལ་བར་ཆད་བྱས་ཏེ་སྲིད་གཞུང་ལ་གནོད་སྐྱེལ་ནས། སྲིད་གཞུང་སྲིད་སྟེགས་ལས་འབབ་པའི་དམིགས་ཡུལ་མངོན་འགྱུར་བྱེད་རྩིས་བྱས།

    ཚེས་བཅུ་བདུན་ཉིན་ནི་བཀག་སྡོམ་གྱི་ཉིན་ལྔ་བ་ཡིན་ལ། ངོ་རྒོལ་ཕྱོགས་ཁག་གིས་མུ་མཐུད་དུ་མན་ཀུའུ་ཡི་ལམ་གཙོ་བོ་ཁ་ཤས་བཀག་སྡོམ་བྱས་པ་མ་ཟད། སྲིད་གཞུང་སྡེ་ཁག་འགའི་མཐའ་བསྐོར།

    ཐེ་གོའི་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གྲངས་ཀ་ལྟར་ན། ན་ནིང་གི་ཟླ་བཅུ་གཅིག་པར་ངོ་རྒོལ་ཕྱོགས་ཁག་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་གསར་བ་སྤེལ་བའི་ཚུན་ལ། མི་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག