མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོས་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་རྒྱུ་མིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱ་རྒྱལ་ཡོངས་དམངས་གཙོའི་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱིས་ཚེས15ཉིན་བཤད་རྒྱུར། རང་གིས་བཏོན་པའི་རེ་བར་མཐོང་ཆེན་བྱས་མེད་པས་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མི་སྲིད་ཟེར།

སི་རི་ཡཱ་རྒྱལ་ཡོངས་དམངས་གཙོའི་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱི་ཁོངས་མི་ཨ་ཁཱ་ཧྲི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ང་ཚོ་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་མི་སྲིད་པ་དང་། རྒྱུ་མཚན་ནི་ང་ཚོ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱི་ཁོངས་མིའི་ཚུལ་དུ་གྲོས་ཚོགས་ལ་ཞུགས་རྒྱུ་མིན་ཟེར།

སི་རི་ཡཱ་རྒྱལ་ཡོངས་དམངས་གཙོའི་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱིས་ན་ནིང་ཐེངས་མང་བོར་སྒེར་ཚུགས་ཀྱི་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རེ་བ་ཞུས་ཀྱང་། རེ་བ་དེ་གྲོས་ཚོགས་ཀྱི་རྩ་འཛུགས་ཕྱོགས་ཀྱིས་དང་ལེན་མ་བྱས། ཨ་མེ་རི་ཁ་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་མེད་པའི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་ངོ་རྒོལ་ཕྱོགས་ཁག་ཡོངས་ཀྱི་ཚབ་བྱས་ཏེ་གྲོས་ཚོགས་ལ་ཞུགས་པར་རེ་བ་བྱེད་བཞིན་ཡོད། དེ་བས་སི་རི་ཡཱ་རྒྱལ་ཡོངས་དམངས་གཙོའི་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱིས་སྒེར་ཚུགས་ཀྱི་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱེད་པར་ཁས་ལེན་མ་ཐོབ་པ་རེད།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དག་ནམ་རྒྱུན་ཁ་ཐོར་གྱི་རྣམ་པར་གནས་ཤིང་ཕྱོགས་ཁག་སོ་སོའི་རི་ནེ་ཝའི་གྲོས་ཚོགས་ཐད་ཀྱི་རྣམ་འགྱུར་གཅིག་མཚུངས་མིན། རྒྱལ་ཡོངས་མནའ་འབྲེལ་གྱིས་ཆ་རྐྱེན་ཡོད་པའི་སྒོ་ནས་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་རྒྱུའི་ཚུལ་བསྟན་ཡང་། སི་རི་ཡཱའི་མངའ་ཁོངས་སུ་ཡོད་པའི་ངོ་རྒོལ་ཕྱོགས་ཁག་རེ་འགས་གྲོས་ཚོགས་དེར་ངོ་རྒོལ་བྱེད་བཞིན་ཡོད།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པར་འགྱུར་ལྡོག་ཆེ་བ་ལས་གཞན། ཨུ་རུ་སི་དང་ཨ་མེ་རི་ཁ་གཉིས་ཀྱིས་དབྱི་ལིང་གྲོས་ཚོགས་དེར་གདན་ཞུ་བྱེད་མིན་གྱི་ཐད་ལའང་བསམ་ཚུལ་མི་འདྲ་བ་བཟུང་ཡོད། མིག་སྔའི་བར་དུ་དབྱི་ལིང་ལ་གྲོས་ཚོགས་ཀྱི་གདན་ཞུ་འབྱོར་མེད་ཀྱང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་སྔར་བཞིན་དབྱི་ལིང་གྲོས་ཚོགས་དེར་ཞུགས་པར་བརྩོན་ལེན་བྱེད་བཞིན་ཡོད།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་སུའེ་ཙེར་ནས་བསྡུ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག