མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་ཟུར་ཟའི་ཚིག་སྨྲས་པའི་ཐད་ནས་དགོངས་དག་ཞུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཡཱ་ཨ་ལུང་གིས་ཚེས14ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡི་དབུས་ཤར་གྱི་འགྲུལ་བཞུད་ལ་དམིགས་པའི་ལུགས་དང་མི་མཐུན་པའི་གཏམ་བཤད་ལ་དགོངས་དག་ཞུས། ཁི་ལེ་ཡིས་ཚད་མེད་པའི་སྒོ་ནས་རང་ཉིད་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་ཡར་སྐུལ་བྱེད་པའི་བྱ་བར་དམའ་འབེབ་བྱེད་མི་རུང་ཟེར། ཡཱ་ཨ་ལུང་གིས་དེའི་སྔོན་གསལ་བསྒྲགས་སྤེལ་ཏེ། ཁི་ལེ་ཡི་དབུས་ཤར་གྱི་ཞི་བདེ་འཕེལ་རིམ་ལ་བསམ་ཡུལ་ལས་འདས་པའི་ནོར་འཁྲུལ་གྱི་དད་འདུན་ཞིག་ཡོད་པར་མ་ཟད། འཇིག་རྟེན་སྐྱོབ་མཁན་ལྟ་བུའི་བརྩེ་སེམས་ཀྱིས་དབྱི་སི་རལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་བཞིན་ཡོད་ཟེར། ཁོའི་སྐད་ཆ་དེ་དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་རྗེས། ཨ་མེ་རི་ཁས་སྐྱོན་བརྗོད་ནན་མོ་བྱས། དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིས་དབྱེ་ཞིབ་བྱས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱི་གཏམ་བཤད་དེ་ལས་དབྱི་སི་རལ་གྱི་དཔོན་རིགས་གཞན་པའི་བསམ་ཚུལ་མངོན་པར་མཚོན་ཡོད་པ་དང་། དེ་ལས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འབྲེལ་ཐག་རིམ་བཞིན་ཇེ་རིང་དུ་འགྲོ་བཞིན་ཡོད་ཅེས་གསལ་བཤད་བྱེད་ཐུབ་ཟེར།

ཚེས14ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡཱ་ཨ་ལུང་གིས་ཉེ་སྔོན་གྱི་སྒེར་གྱི་གཏམ་བཤད་ཅིག་ལས་ཁི་ལེ་དབུས་ཤར་གྱི་ཞི་བདེ་འཕེལ་རིམ་ལ་བསམ་ཡུལ་ལས་འདས་པའི་ནོར་འཁྲུལ་གྱི་དད་འདུན་ཞིག་ཡོད་ཟེར། ཁི་ལེ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐེངས་བཅུ་ལ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་བར་འདུམ་བྱས་པའི་གནས་ཚུལ་གླེང་སྐབས། ཡཱ་ཨ་ལུང་གིས་བསྟན་དོན། ཨ་མེ་རི་ཁའི་བདེ་འཇགས་བཀོད་འདོམས་བཀོད་སྒྲིག་གླེང་རིན་ཅི་ཡང་མེད་ལ། ཁི་ལེ་ཡིས་ནོར་པེར་ཞི་བདེའི་བྱ་དགའ་ཞིག་བླངས་རྗེས་ང་ཚོའི་དོན་ལ་ཐེ་གཏོགས་མ་བྱས་ན་དེ་ནི་ང་ཚོར་མགོན་སྐྱབས་བྱས་པ་ལྟ་བུ་རེད་ཟེར།

ཡཱ་ཨ་ལུང་གི་གཏམ་བཤད་དེ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་རྗེས། ཨ་མེ་རི་ཁའི་ཕྱོགས་ཀྱིས་མི་དགའ་བའི་རྣམ་འགྱུར་དྲག་པོ་བསྟན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་དོན། ཡཱ་ཨ་ལུང་གི་སྐད་ཆར་གནས་ལུགས་ཅི་ཡང་མེད་པར་མ་ཟད་འོས་འཚམ་ཡང་མིན། ཁྱད་པར་དུ་ཨ་མེ་རི་ཁས་དབྱི་སི་རལ་གྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་འབད་བརྩོན་བྱས་པ་དང་། ཁི་ལེ་སོགས་ཀྱིས་དབྱི་སི་རལ་གྱི་མ་འོངས་པར་སེམས་ཁུར་བྱས་ཏེ་ཉིན་མཚན་དབྱེར་མེད་དུ་བྱ་བ་སྒྲུབ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག