མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་ཏེ་དམག་རྒྱལ་རིང་ལུགས་ཀྱི་ལམ་དུ་བསྐྱོད་པར་སྐྱོན་བརྗོད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་ཚུན་ལ། ཁྲའོ་ཞན་དཔོན་ཕྱོགས་སྨྱན་བྱད་ཀྱིས་རྩོམ་ཡིག་སྤེལ་ཏེ། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་སྐྱོན་བརྗོད་བྱས་པ་དང་། འཇར་པན་གྱི་དམག་རྒྱལ་རིང་ལུགས་དང་གཡས་ལྷུང་ཅན་གྱི་སྣང་ཚུལ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པར་བསམ།

ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས13ཉིན་རྩོམ་ཡིག་སྤེལ་ཏེ། ན་ནིང་ཟླ12པའི་ཚེས26ཉིན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་ནི་བཙན་འཛུལ་གྱི་དབང་གིས་འཛམ་གླིང་མི་དམངས་ལ་བཟོས་པའི་ནག་ཉེས་ཤིག་ཡིན་པ་དང་། དྲང་བདེན་དང་རྒྱུ་འབྲས་ལ་ཐད་ཀར་བརྙས་དམོད་བྱས་པ་རེད་ཟེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་ཆད་མེད་པར་སྐྱོན་བརྗོད་དང་རྒོལ་གཏམ་གཏོང་རྒྱུའི་ཚུལ་བསྟན།

རྩོམ་ཡིག་ལས་བཤད་རྒྱུར། ཉེ་སྔོན་འཇར་པན་གྱི་གཡས་ལྷུང་ཅན་དང་དམག་རྒྱལ་ཅན་གྱི་གཡོ་ཇུས་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། འཇར་པན་གྱིས་འགོག་སྲུང་འཆར་གཞིའི་རྩ་གནད་གསར་བ་དང་། དུས་ཡུན་འབྲིང་གི་འགོག་སྲུང་སྟོབས་ཤུགས་ཀྱི་ལེགས་སྒྲིག་འཆར་གཞི། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་འཐབ་ཇུས་བཅས་བཏོན་ནས། དམག་དཔུང་གི་གྲ་སྒྲིག་དང་རང་སྲུང་རུ་ཁག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བཏང་། དེ་ལས་གཞན་འཇར་པན་གྱིས་ད་རུང་དམག་རྒྱལ་རིང་ལུགས་ཀྱི་ཧྥ་ཞི་སི་སྒྲིག་ལུགས་འཛུགས་པར་དམིགས་པའི་ཆེད་དམིགས་གསང་བ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་གྲོས་མཐུན་བཀོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་གྲོས་ཚོགས་བཙུགས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་གྱི་མིག་སྔའི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པར་མ་ཟད། དུས་རྒྱུན་དུ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།

ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས12ཉིན་དཔྱད་བརྗོད་སྤེལ་ཏེ། ཨན་པའེ་ཅིན་སན་གྱིས་ཉེ་སྔོན་ལོ་གསར་བའི་གཏམ་བཤད་སྤེལ་སྐབས་སྟོབས་དང་ལྡན་པའི་འཇར་པན་སླར་གསོ་བྱེད་རྒྱུའི་ཚུལ་བསྟན་པ་དེ་ནི་དམག་རྒྱལ་རིང་ལུགས་མཁན་གྱི་རང་མདོག་མངོན་པའི་ཆེས་ཉེན་ཁ་ཆེ་བའི་འཆལ་གཏམ་ཞིག་རེད་ཟེར། དཔྱད་བརྗོད་ལས་འཇར་པན་གྱི་སྐབས་རིམ་བྱོན་གྱི་སྲིད་དབང་གིས་དམག་དོན་ཅན་དང་ཕྱི་ཕྱོགས་ཀྱི་བཙན་འཛུལ་མངོན་འགྱུར་བྱེད་པར་བཅའ་ཁྲིམས་དང་ལམ་ལུགས་ཐད་ཀྱི་འགན་སྲུང་མེད་པར་གཏོང་བར་འབད་བརྩོན་བྱས་ཀྱང་། ཨན་པའེ་ཅིན་སན་གྱི་སྲིད་དབང་ལྟར་དུ་རྩ་ཁྲིམས་ལ་བཟོ་བཅོས་མང་དུ་བྱས་པའི་སྣང་ཚུལ་གཏན་ནས་བྱུང་མེད། འཇར་པན་གྱི་དམག་རྒྱལ་རིང་ལུགས་ཅན་དང་ཡང་བསྐྱར་བཙན་འཛུལ་བྱེད་པའི་གཡོ་ཇུས་ཀྱིས་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་ལ་གནོད་པ་ཐེབས་ངེས་རེད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས11ཉིན་དཔྱད་བརྗོད་སྤེལ་ཏེ། འཇར་པན་གྱིས་འུད་བརྗོད་བྱས་པའི་ཁྲའོ་ཞན་གྱིས་དཔུང་འཇུག་བྱེད་སྲིད་པའི་གཏམ་བརྗོད་ནི་ཕྱི་ཕྱོགས་ཀྱི་བཙན་འཛུལ་མངོན་འགྱུར་བྱེད་པའི་ཁ་གཡོར་ས་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཁྲའོ་ཞན་ཕྱེད་གླིང་གི་ཉེ་འཁོར་ནས་མཚོ་ཁོངས་དང་བར་སྣང་གི་ཚོད་འཛིན་དབང་ཆ་འཛིན་པའི་ཆེད་དུ་རེད། དེ་ནི་གཡོ་སྒྱུ་ཅན་གྱི་རྣམ་འགྱུར་ཞིག་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་རྒྱལ་ཅན་དང་གཡས་ལྷུང་ཅན་གྱི་འཇར་པན་དབང་འཛིན་ལས་ཁུངས་ལ་དོ་སྣང་དང་དོགས་ཟོན་བྱེད་པའི་བསམ་པ་གཞན་ལ་གཡེང་དུ་བཅུག་སྟེ། ཡང་བསྐྱར་བཙན་འཛུལ་བྱེད་པའི་ཧམ་སེམས་མངོན་འགྱུར་བྱེད་པའི་ཆེད་དུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག