མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྫས་འགྱུར་དུག་རླངས་ཕྱིར་ཤོར་ནས་སྦགས་བཙོག་ཐེབས་པའི་ས་ཁུལ་གྱི་འཐུང་ཆུའི་མཁོ་འདོན་རིམ་བཞིན་སླར་གསོ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་གི་དཔོན་རིགས་ཀྱིས་ཚེས13ཉིན་ཁྱབ་སྒྲོག་བྱས་དོན། རྫས་འགྱུར་དུག་རླངས་ཕྱིར་ཤོར་ནས་གནོད་པ་ཐེབས་པའི་ས་ཁུལ་གྱི་འཐུང་ཆུའི་མཁོ་འདོན་རིམ་བཞིན་སླར་གསོ་བྱུང་ཡོད་ཟེར།

ཚེས9ཉིན་ནས་བཟུང་། ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་གི་རྫས་འགྱུར་དུག་རླངས་ཕྱིར་ཤོར་བའི་དོན་རྐྱེན་ལས་ཆུ་ཁོངས་ལ་སྦགས་བཙོག་ཐེབས་པ་དང་། ཧ་ལམ་རྫོང་དགུ་ཡི་མི་འབུམ་གསུམ་ཙམ་གྱི་འཐུང་ཆུར་གནོད་པ་ཐེབས། ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་གི་ཀྲིག་ཀྲང་ཐང་པུའུ་ལིན་གྱིས་ཚེས13ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། བསྟུན་མར་ཉིན་འགའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་ཉིན་དེའི་ཞིབ་བཤེར་ཚད་ལེན་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན་ས་ཁུལ་ཁག་ཅིག་གི་འཐུང་ཆུའི་དམིགས་ཚད་རྒྱུན་ལྡན་དུ་གྱུར་ཡོད་པས། གནོད་པ་ཐེབས་པའི་ས་ཁུལ་ཁག་ཅིག་གི་འཐུང་ཆུ་ལོངས་སུ་སྤྱོད་མི་རུང་བའི་བཀའ་རྒྱ་མེད་པར་བཟོས་པ་ཁྱབ་སྒྲོག་བྱས་ཡོད་ཟེར།

ཐང་པུའུ་ལིན་གྱིས་བཤད་རྒྱུར། གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། གནོད་ཐེབས་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་སྲུང་མ་ཐོབ་གོང་། ས་དེའི་སྡོད་དམངས་ཀྱིས་མུ་མཐུད་དུ་བཟོད་བསྲན་བྱེད་དགོས་ཟེར།

ས་དེའི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཐུང་ཆུ་ལོངས་སུ་སྤྱོད་མི་རུང་བའི་བཀའ་རྒྱ་མེད་པར་བཟོ་བར་འཐུང་ཆུའི་ཞིབ་བཤེར་ཚད་འཇལ་གྱི་མཇུག་འབྲས་ལྟར་དུ་ས་ཁོངས་དགར་ནས་རིམ་བཞིན་ཡོངས་འགྲུབ་བྱེད་དགོས་ཟེར།

གནོད་ཐེབས་ས་ཁུལ་གྱི་འཐུང་ཆུ་འདོན་སྤྲོད་ཀྱི་འགན་ཁུར་བའི་ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་གི་ཨ་མེ་རི་ཁའི་ཆུ་འདོན་ཀུང་ཟི་ཡིས་བསྟན་དོན། ཚེས13ཉིན་གྱི་དགོང་མོར་འཐུང་ཆུའི་མཁོ་འདོན་སླར་གསོ་བྱས་པའི་ཁྱིམ་ཚང་ཁྲི་གཉིས་དང་སྟོང་ལྔ་ལ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཀུང་ཟི་དེའི་ཙུང་ཚེ་མེད་ཅིན་ཐེ་ཨར་གྱིས་བཤད་རྒྱུར། ཚོད་དཔག་བྱས་ན་གནོད་ཐེབས་ས་ཁུལ་གྱི་འཐུང་ཆུའི་དམིགས་ཚད་རྒྱུན་ལྡན་དུ་འགྱུར་བར་ད་རུང་ཉིན་འགའི་དུས་ཚོད་དགོས་ཟེར།

གཞན་ཡང་ཀྲིག་དེའི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚེས13ཉིན་གྱི་སྔ་དྲོའི་བར། བསྡོམས་པས་བཙོག་ཆུའི་གནོད་པ་ཐེབས་པའི་ནད་པ་ཉིས་བརྒྱ་དང་སོ་གཅིག་ས་དེའི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་དང་། སྨན་ཁང་གིས་མི་བཅུ་བཞི་ལ་སྨན་གསོ་བྱས། དེའི་ནང་མི་དགུ་ཡི་ནད་ཅུང་ཚབས་ཆེན་རེད་ཟེར།

ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་གི་ཨ་མེ་རི་ཁའི་ཆུ་འདོན་ཀུང་ཟི་ལ་ཚེས9ཉིན་སྙན་ཞུ་འབྱོར་རྗེས་བརྡ་ཐོ་བཏང་སྟེ། རྫས་འགྱུར་དུག་རླངས་ཕྱིར་ཤོར་བའི་དོན་རྐྱེན་ལས་ཁྲ་ཨར་སི་ཏོན་ཉེ་འདབས་ཀྱི་ཨེ་ཨར་ཁི་གཙང་བོར་སྦགས་བཙོག་ཐེབས་ཟེར། ཐང་པུའུ་ལིན་གྱིས་དེའི་རྗེས་སུ་ཀྲིག་དེའི་མངའ་ཁོངས་ཀྱི་རྫོང་དགུ་ཡིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་སྒྲོག་བྱས་པར་མ་ཟད། གནོད་པ་ཐེབས་པའི་ཁྱིམ་ཚང་གིས་གནས་སྐབས་སུ་རང་ཁྱིམ་གྱི་རང་འབབ་ཆུ་ལོངས་སུ་སྤྱོད་མི་རུང་བའི་སྐུལ་མ་བཏང་། ས་དེའི་དཔོན་རིགས་ཀྱིས་མང་ཚོགས་ཀྱིས་མིད་པར་ཚ་ལངས་པ་དང་མིག་མི་བདེ་བ། སྐྱུག་དངངས་བྱེད་པ། དབུགས་གཏོང་ལེན་དཀའ་བ། སྐྱི་པགས་ལ་ཟ་འཁྲུག་ལངས་པ་སོགས་དུག་ཕོག་པའི་ནད་རྟགས་བྱུང་ཡོད་མེད་ལ་ཡིད་འཇོག་བྱེད་དགོས་པའི་སྐུལ་མ་བཏང་།

ཧྥོ་ཅི་ནེ་ཡཱ་ནུབ་མ་ཀྲིག་སྲིད་གཞུང་གིས་དེའི་རྗེས་སུ་རྒྱལ་དམངས་ཉེན་སྲུང་རུ་ཁག་དང་འཕྲལ་སྒྲུབ་སྡེ་ཁག་བར་མཉམ་ལས་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་སྡོད་དམངས་ལ་དག་གཙང་གི་འཐུང་ཆུ་མཁོ་འདོན་བྱས་པ་རེད།

ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཐེངས་འདིའི་རྫས་འགྱུར་དུག་རླངས་ཕྱིར་ཤོར་བའི་དོན་རྐྱེན་ལ་རྟོག་ཞིབ་བྱས་པ་དང་། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་ཞིག་གི་སོལ་བ་གཙང་འདེམ་བྱེད་པར་བཀོལ་བའི་རྫས་འགྱུར་དུག་རླངས་ཤིག་ཕྱིར་ཤོར་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག