མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་གནས་སྐབས་ཀྱི་གྲོས་མཐུན་དེ་ཟླ་དང་པོའི་ཚེས20ཉིན་ལག་བསྟར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-13 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཨུ་རུ་སི། ཀྲུང་གོ། ཧྥ་རན་སི། དབྱིན་ཇི། འཇར་མན་བཅས་ཀྱི་ཚབ་བྱས་ཏེ་དབྱི་ལིང་དང་གྲོས་མོལ་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་མིག་སྔར་སུའེ་ཙེར་གྱི་རི་ནེ་ཝ་ནས་བཀོད་པའི་ཐག་གཅོད་ཇུས་གཞི་ལ་རྒྱལ་ཁབ་སོ་སོས་ཁས་ལེན་ཐོབ་ཡོད་པ་དང་། ཚོད་དཔག་བྱས་ན་གནས་སྐབས་ཀྱི་གྲོས་མཐུན་དེ་ཟླ་དང་པོའི་ཚེས20ཉིན་ལག་བསྟར་བྱེད་རྒྱུ་རེད།

ཨ་ཧྲི་ཏོན་གྱི་གསལ་སྒྲོག་དེར་དབྱི་ལིང་ཕྱོགས་ཀྱི་ཁས་ལེན་ཐོབ། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་བཤད་རྒྱུར། རྒྱལ་ཁབ་སོ་སོས་རི་ནེ་ཝའི་གྲོས་མོལ་གྱི་མཇུག་འབྲས་ལ་ཁས་ལེན་བྱས་པ་དང་། རི་ནེ་ཝའི་གྲོས་མཐུན་དེ་ཟླ་དང་པོའི་ཚེས20ཉིན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཨ་ཧྲི་ཏོན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི། ཀྲུང་གོ། ཧྥ་རན་སི། དབྱིན་ཇི། འཇར་མན་བཅས་རྒྱལ་ཁབ་དྲུག་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གྲོས་མཐུན་ལག་བསྟར་བྱེད་པའི་བརྒྱུད་རིམ་ལ་ལྟ་རྟོག་དང་ཁས་ལེན་བྱེད་དགོས་པའི་རེ་བ་བཏོན།

ཟླ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུའི་ཉིན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཁི་ཆི་དང་ཨ་ཧྲི་ཏོན་གྱི་ལས་རོགས་པ་གཞོན་པ་ཧྲི་མུས་ཏི་གཉིས་ཀྱིས་སུའེ་ཙེར་གྱི་རི་ནེ་ཝ་ནས། ཕྱོགས་གཉིས་ཀྱིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན་བཀོད་པའི་དུས་རིམ་རང་བཞིན་གྱི་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་མོལ་བྱས། རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་བཀོད་པའི་གྲོས་མཐུན་ལྟར་ན། དབྱི་ལིང་གིས་མ་འོངས་པའི་ཟླ་ངོ་དྲུག་གི་ནང་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་སྐོར་ཞིག་མཚམས་བཞག་སྟེ། བཀག་སྡོམ་བྱེད་ཐབས་སྐོར་ཞིག་ལྷོད་ཡངས་སུ་གཏོང་དུ་འཇུག་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུས། ཁོས་ཞོར་དུ་བསྟན་དོན། ད་རུང་བྱ་བ་མང་བོ་བསྒྲུབས་ཏེ་དུས་ཡུན་རིང་བོའི་གྲོས་མཐུན་འགོད་པ་མངོན་འགྱུར་བྱེད་དགོས་ཟེར། ཁོས་བཤད་རྒྱུར། གལ་ཏེ་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་གང་རུང་ཡོད་ན་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག