མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོ་བས་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན། ཨ་མེ་རི་ཁར་སྡོད་པའི་ཀྲུང་གོ་བའི་ཚོགས་པའི་མགོ་གཙོ་བཅུ་ཕྲག་གིས་ཉིག་ཡའོ་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་དྲག་པོ་བཏང་། ཨ་མེ་རི་ཁར་སྡོད་པའི་ཀྲུང་གོ་བ་རྣམས་ཀྱིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་དོན་དག་འདིའི་ཐད་ནས་འཇར་པན་ཕྱོགས་ལ་བསྟན་པའི་ལངས་ཕྱོགས་ནན་མོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཨན་པེ་ཅིན་སན་གྱི་བྱ་སྤྱོད་དེར་ཁོང་ཁྲོ་ཆེན་པོ་ལངས་ཏེ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་ཀྲུང་གོ་བའི་མཉམ་འབྲེལ་སྤྱིའི་ཚོགས་པའི་ཀྲུའུ་ཞི་ལེང་ཀོན་ཅུན་གྱིས་ཚེས28ཉིན་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཀྲུང་གོ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཐ་ཚིག་དྲག་པོ་བསྒྲགས་པར་མ་འཛེམས་པར། ཚེས་ཉེར་དྲུག་ཉིན་འཛེམ་བག་མེད་པར་ཅིན་གོ་ལྷ་ཁང་ལ་མཇལ་བ་རེད། ང་ཚོ་ཨ་མེ་རི་ཁ་ན་ཡོད་པའི་ཀྲུང་གོ་བ་རྣམས་ཀྱིས་ཁོས་ཀྲུང་གོ་དང་དམག་འཁྲུག་གི་གནོད་པ་མྱངས་པའི་ཨེ་ཤ་ཡའི་རྒྱལ་ཁབ་གཞན་པའི་མི་དམངས་ཀྱི་བརྩེ་སེམས་ལ་གདུག་རྩུབ་ཀྱིས་རྡོག་བརྫིས་བཏང་བ་དང་། རྒྱལ་སྤྱིའི་སྒྲིག་ཁྲིམས་དང་དྲང་བདེན་ལ་མངོན་གསལ་སྒོས་འགྲན་བསླངས་པའི་བྱ་སྤྱོད་དེར་ཁོང་ཁྲོ་ཆེན་པོ་ལངས་ཏེ་རྒོལ་གཏམ་ནན་མོ་བཏང་བ་ཡིན་ཟེར།

ཉིག་ཡའོ་ཁྲུང་ཀྲིན་ཚོགས་པའི་ཀྲུའུ་ཞི་ལུས་ཅན་ཆཱང་གིས་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་་ཁང་ལ་མཇལ་བ་དེར་ང་ཚོ་ཕྱིར་སྡོད་ཀྲུང་གོ་བ་རྣམས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་རྒྱབ་འགལ་བྱས་པའི་འགྲན་སློང་གི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཉེས་ཅན་རིམ་པ་དང་པོར་མཆོད་འབུལ་བྱེད་སའི་འཇར་པན་གྱི་ཅིན་གོ་ལྷ་ཁང་གི་མིང་ངན་པ་དེ་གནམ་སར་ཁྱབ་ཡོད་ལ། དེར་མཇལ་བ་ནི་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་ནག་ཉེས་ཁས་མི་ལེན་པ་དང་གཡོ་འགེབ།ཡག་སྒྱུར་བཅས་བྱེད་འདོད་པ་རེད་ཟེར།

ཨ་མེ་རི་ཁའི་ཧྥུའུ་ཅན་ཡུལ་མི་ཚོགས་པའི་ཀྲུའུ་ཞི་ཚབ་མ་ཀྲིན་སི་ཆི་ཡིས་བཤད་རྒྱུར། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་ནས་གདུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ནན་ཅིན་དམར་གསོད་ཆེན་པོའི་དོན་རྐྱེན་བསླངས་མྱོང་། ཨན་པེ་ཅིན་སན་གྱིས་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་བསགས་པའི་གནམ་ལ་མི་ཤོང་བའི་ནག་ཉེས་དེ་ཁས་མ་བླངས་པར་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རྒྱབ་འགལ་བྱས་ཏེ་ཅིན་གོ་ལྷ་ཁང་ལ་མཇལ་བ་དེར་ང་ཚོས་ང་ཚོས་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར།

ཨ་མེ་རི་ཁའི་ཤར་ཕྱོགས་ས་ཁུལ་གྱི་ཀྲུང་གོ་བའི་ཚོགས་པའི་མགོ་གཙོས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ་བྱུང་བ་དོན་རྐྱེན་མང་པོས་འཇར་པན་རྒྱལ་ནང་གི་གཡས་ལྷུང་སྟོབས་ཤུགས་ཧ་ཅང་ཐལ་དྲག་ནས། དམག་རྒྱལ་རིང་ལུགས་སུ་འགྱུར་བའི་མཚོན་རྟགས་འདུག་པས། ཨ་མེ་རི་ཁར་ཡོད་པའི་ཀྲུང་གོ་བ་རྣམས་ཀྱིས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོ་སྲིད་གཞུང་གིས་དོན་འདིའི་ཐད་ནས་འཇར་པན་ཕྱོགས་ལ་བསྟན་པའི་ལངས་ཕྱོགས་ནན་མོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཨན་པེ་ཅིན་སན་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་གཡས་ལྷུང་སྟོབས་ཤུགས་ལ་དོ་སྣང་ཆེན་པོ་བྱེད་རྒྱུའི་འབོད་སྐུལ་བཏང་བ་དང་། འཇར་པན་སྲིད་གཞུང་གིས་མྱུར་དུ་བྱེད་ཐབས་སྤྱད་ནས་དམག་རྒྱལ་རིང་ལུགས་ཀྱི་བསམ་བློ་ཡོད་པའི་ཚོགས་པའི་སྟོབས་ཤུགས་མེད་པར་བཏང་ནས། ཨེ་ཤ་ཡ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག