མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནུན་གྱི་ཆེས་མཐོ་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་འཇིགས་སྐུལ་བྱ་འགུལ་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནུན་གྱི་ཆེས་མཐོ་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས28ཉིན་ཚོགས་འདུ་བསྡུས་ཏེ། འཇིགས་སྐུལ་རིང་ལུགས་གྱི་ལྐོག་གཡོ་ཐམས་ཅད་ལ་མུ་མཐུད་དུ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ལེ་པ་ནུན་ཆེས་མཐོ་འགོག་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་མུའུ་ཧན་མོ་ཏི་ཧེ་ལ་ལ་ཡིས་ཚོགས་འདུའི་རྗེས་སུ་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། ཚོགས་འདུ་དེར་ཙུང་ཐུང་སུའུ་ལའེ་མན་གྱིས་མགོ་འཛིན་བྱས་པ་དང་། ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མུས་ཁ་ཐིས་དང་། རྒྱལ་སྲུང་དང་ཕྱི་འབྲེལ། ནང་སྲིད། ཁྲིམས་འཛིན། ནོར་སྲིད། དཔལ་འབྱོར་བཅས་ལས་ཁུངས་ཀྱི་པུའུ་ཀྲང་དང་བདེ་འཇགས་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་ཚེས་ཉེར་བདུན་ཉིན་རྒྱལ་ས་པེ་རུ་ཐི་གྲོང་ཁྱེར་དཀྱིལ་དབུས་ནས་བྱུང་བའི་རླངས་འཁོར་འགས་གཏོར་ཀྱི་འཇབ་རྒོལ་དོན་རྐྱེན་ལ་ཆེད་དུ་གྲོས་སྡུར་བྱས་ཟེར།

ཧེ་ལ་ལ་ཡིས་བཤད་རྒྱུར། ཚོགས་འདུའི་སྟེང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེས་ལེ་པ་ནུན་གྱི་བརྟན་འཇགས་དང་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་ཚབས་ཆེན་བསྐྱལ་ཡོད་ཅེས་བསྟན་ཟེར། ཁོས་ལེ་པ་ནུན་གྱིས་འཇིགས་སྐུལ་ངོ་རྒོལ་གྱི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ལེ་པ་ནུན་གྱི་བདེ་འཇགས་དང་བརྟན་བརླིང་ལ་གཏོར་བརླག་བྱེད་འདོད་པའི་འཇིགས་སྐུལ་བྱ་འགུལ་ཡོད་ཚད་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བཤད།

ཧེ་ལ་ལ་ཡིས་བཤད་རྒྱུར། ཚོགས་འདུའི་སྟེང་འབྲེལ་ཡོད་ཕྱོགས་ཀྱིས་པེ་རུ་ཐིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། བདེ་འཇགས་ལས་ཁུངས་སོ་སོས་མཐུན་སྦྱོར་དམ་པོ་བྱེད་པ་དང་། ནག་ཉེས་སྔོན་འགོག་གི་བྱེད་ཐབས་ནུས་ལྡན་སྤྱད་དེ། རྒྱལ་ཁབ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཟེར།

མུས་ཁ་ཐིས་ཀྱིས་ཚོགས་འདུའི་རྗེས་སུ་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཁྱིམ་མཚེས་རྒྱལ་ཁབ་ཀྱི་དམག་འཁྲུག་གི་མེ་ལྕེ་དེ་ལེ་པ་ནུན་ལ་མཆེད་ཡོད་པ་དང་། ལེ་པ་ནུན་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ལ་འཕྲད་ཡོད་ཟེར།

མུས་ཁ་ཐིས་ཀྱིས་ལེ་པ་ནུན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་གྲོས་མོལ་སླར་གསོ་བྱས་ཏེ་མྱུར་དུ་སྲིད་གཞུང་གསར་བ་འཛུགས་དགོས་པའི་འབོད་སྐུལ་བཏང་། ཁོས་ལེ་པ་ནུན་གྱི་མིག་སྔའི་གནས་ཚུལ་ཧ་ཅང་དམིགས་བསལ་ཡིན་པས། ཕྱོགས་གང་ཡང་ཟུར་ཕུད་མི་བྱེད་པའི་སྲིད་གཞུང་ཞིག་འཛུགས་དགོས་ཟེར།

པེ་རུ་ཐི་གྲོང་ཁྱེར་གྱི་དཀྱིལ་དབུས་ནས་ཚེས27ཉིན་གྱི་སྔ་དྲོར་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་། མི70ལྷག་ལ་རྨས་ཕོག ལེ་པ་ནུན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་ལྐོག་གཡོ་ཅན་གྱི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་མུའུ་ཧན་མོ་ཏི་ཞ་ཐ་ཧ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག