མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནུན་གྱི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་འགས་གཏོར་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནུན་གྱི་སྔོན་ཆད་ཀྱི་ཙུང་ལི་ས་ཨ་ཏི•ཧ་ལེ་ལེ་ཡི་བློ་འདོན་པ། སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་མུའུ་ཧན་མོ་ཏི•ཞ་ཐ་ཧ་ཟེར་བ་དེ་སྤྱི་ཟླ12པའི་ཚེས27ཉིན་གྱི་སྔ་དྲོར་ལེ་པ་ནུན་གྱི་རྒྱལ་ས་པེ་རུ་ཐི་གྲོང་ཁྱེར་དཀྱིལ་དབུས་ནས་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཁྲིད་ནས་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི4ཁོ་དང་མཉམ་དུ་རྐྱེན་ལམ་དུ་ཤོར་ལ། མི50ལྷག་ལ་རྨས་ཕོག

སི་རི་ཡའི་ཉམས་ཉེན་གྱི་གནོད་པ་ཐེབས་པས་ལེ་པ་ནུན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱལ་ས་པེ་རུ་ཐི་ནས་གཞི་ཁྱོན་ཆེ་བའི་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་འབྱུང་བཞིན་ཡོད།

འགས་གཏོར་དོན་རྐྱེན་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ40ཙམ་གྱི་སྟེང་བྱུང་བ་དང་། འགས་གཏོར་གྱི་སྒྲ་ཧ་ཅང་ཆེ་ལ། པེ་རུ་ཐིའི་ས་ཆ་ཡོངས་ནས་གོ་ཐུབ། གྲོང་ཁྱེར་དཀྱིལ་དབུས་ཀྱི་ཚོང་ལས་ཁུལ་དང་མགྲོན་ཁང་གི་བར་སྣང་དུ་དུ་བ་ལྷོག་ལྷོག་ཏུ་འཕྱུར། འགས་གཏོར་བྱུང་ས་དེ་སྲིད་གཞུང་སྤྱི་ཁྱབ་ལས་ཁུངས་དང་གྲོས་ཁང་ཐོག་ཁང་ཆེན་མོ་ལས་བར་ཐག་མུས་བརྒྱ་ཕྲག་མ་གཏོགས་མེད་ལ། ཉེ་འདབས་ནི་ཚོང་ལས་ཁུལ་གཙོ་བོ་ཞིག་ཡིན་པས། ཚོང་ཁང་དང་དངུལ་ཁང་། ཟ་ཁང་མང་པོ་ཡོད། འགས་གཏོར་བྱུང་སའི་ཉེ་འདབས་ཀྱི་ཁང་བ་མང་པོའི་ཤེལ་སྒོ་ཆག་པ་དང་། ཟ་ཁང་དང་མགྲོན་ཁང་། གཞུང་སྒྲུབ་ཁང་བཅས་ལ་ཡང་གཏོར་བརླགས་ཐེབས།

ལེ་པ་ནུན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁང་པ་བཅུ་ལྷག་ལ་འགས་གཏོར་ཁྲོད་ནས་གཏོར་བརླགས་ཚབས་ཆེན་ཐེབས་ཟེར། ལེ་པ་ནུན་གྱི་བརྙན་འཕྲིན་ཁང་ཞིག་གིས་བཏང་བའི་བརྙན་རིས་ལས། མང་ཚོགས་ཁ་ཤས་ཀྱི་ལུས་མེར་འབར་བཞིན་པ་དང་། མི་ཁ་ཤས་ས་རུ་འགྱེལ་ནས་ཁྲག་གིས་སྦགས་ཡོད་ལ། གཏོར་བརླགས་ཐེབས་པའི་རླངས་འཁོར་ཞིག་མེར་འབར་བཞིན་ཡོད་པ་དང་། ཉེ་འདབས་ཀྱི་མི་མང་པོས་སྐྲག་སྣང་གིས་ཁ་གདངས་ཤིང་མིག་ཅེར་ཡོད།

ལེ་པ་ནུན་དཔོན་ཕྱོགས་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་འབྱུང་སྐབས་ཞ་ཐ་ཧ་རླངས་འཁོར་ལ་བསྡད་དེ་སྔོན་ཆད་ཀྱི་ཙུང་ལི་ས་ཨ་ཏི•ཧ་ལེ་ལེ་ཡི་བཞུགས་ཤག་ཏུ་གསུམ་གཅིག་བཞི་མནའ་འབྲེལ་གྱི་ཚོགས་འདུར་ཞུགས་པར་འགྲོ་བཞིན་ཡོད་ཟེར།

ས་ཨ་ཏི•ཧ་ལེ་ལེ་རང་ཉིད་ཀྱིས་བདེ་འཇགས་ལ་བསམ་བློ་བཏང་ནས་ལོ་གཉིས་ཀྱི་སྔོན་ནས་བཟུང་ལེ་པ་ནུན་དུ་བསྡད་མེད་ལ། ཁོའི་ཕ་རྒན་སྟེ་སྔོན་ཆད་ཀྱི་ཙུང་ལི་ལ་ཧྥེ་ཁི•ཧ་ལེ་ལེ་ལ་ཉིས་སྟོང་ལྔ་ལོར་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་རེད། ཕ་རྒན་རྐྱེན་ལམ་དུ་ཤོར་རྗེས། ས་ཨ་ཏི•ཧ་ལེ་ལེ་ཡིས་ཆབ་སྲིད་ཕྱོགས་ཁག་གསུམ་གཅིག་བཞི་མནའ་འབྲེལ་ཞེས་པ་དེ་བཙུགས།

མིག་སྔའི་བར་དུ་རྩ་འཛུགས་དང་མི་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་མ་བླངས་ནའང་། ས་ཨ་ཏི•ཧ་ལེ་ལེ་ཡིས་འགས་གཏོར་དོན་རྐྱེན་དེ་ནི་ཀྲིན་ཀྲུའུ་ཏང་གིས་བཟོས་པ་རེད་ཟེར།

ཀྲིན་ཀྲུའུ་ཏང་གིས་སི་རི་ཡའི་སྲིད་གཞུང་དམག་ལ་རམ་འདེགས་བྱས་ཏེ་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་འགོག་རྒོལ་བྱེད་བཞིན་པ་དང་། སྔོན་ཆད་ཀྱི་ཙུང་ལི་ཧ་ལེ་ལེ་ཡིས་མགོ་ཁྲིད་པའི་གསུམ་གཅིག་བཞི་མནའ་འབྲེལ་གྱིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱས་ཏེ། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་རྩ་རྫོགས་བྱེད་རྩིས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག