མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་སྲིད་གཞུང་གིས་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་སྐྱོན་བརྗོད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:27

1.jpg

  ཟླ12པའི་ཚེས27ཉིན། ཧན་གོའི་ཧྲིན་ཨར་ནས། མང་ཚོགས་ཀྱིས་ཧན་གོ་རུ་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་བྱ་འགུལ་སྤེལ་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་བཏང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས26ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་སྤེལ་ནས། འཇར་པན་ནི་ཨ་མེ་རི་ཁའི་མནའ་གྲོགས་བཟང་པོ་ཡིན་མོད། ཡིན་ནའང་འཇར་པན་གྱི་མགོ་ཁྲིད་པས་ཅིན་གོ་ལྷ་ཁང་ལ་མཇལ་ནས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་བཏང་བར་ང་ཚི་ཡིད་ཕམ་ཡོད་ཅེས་བསྟན།

   ཚེས26ཉིན་ཏེ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བའི་ཉིན་དེར་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨན་པེ་ཡི་བྱ་སྤྱོད་ཡིད་ཕངས་བའི་ཚུལ་བསྟན་མྱོང་།

  འཇར་པན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཅིན་གོ་ལྷ་ཁང་གི་གནད་དོན་གྱིས་འཇར་པན་དང་མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བ་ཐེངས་མང་པོར་ཛ་དྲག་ཏུ་བཏང་མྱོང་ནའང་། འཇར་པན་གྱི་མནའ་གྲོགས་ཨ་མེ་རི་ཁས་ཕྱོགས་ལྷུང་རང་བཞིན་གྱི་རྣམ་འགྱུར་ཅི་ཡང་བསྟན་མྱོང་མོད། ཡིན་ནའང་ཐེངས་འདིར་ཨ་མེ་རི་ཁའི་རྣམ་འགྱུར་འགྱུར་སོང་ཟེར།

  འཇར་པན་ཕྱི་དོན་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཁོའི་ཡིད་ལ་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་དབུ་བཞུགས་བློན་ཆེན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བར་སྐྱོན་བརྗོད་བྱས་པ་ཞིག་དྲན་རྒྱུ་མི་འདུག་ཟེར།

  ཨ་མེ་རི་ཁས་སྤེལ་བའི་གསལ་བསྒྲགས་ཐུང་ངུའི་ནང་དུ། འཇར་པན་གྱི་མགོ་ཁྲིད་པས་ཅིན་གོ་ལྷ་ཁང་ལ་མཇལ་བའི་བྱ་སྤྱོད་དང་ཉེ་སྔོན་གྱི་གཏམ་སྤྱོད་ཀྱིས་ས་ཁུལ་གྱི་གནས་བབ་ཛ་དྲག་དང་ཚབས་ཆེན་དུ་བཏང་ཡོད་ལ། བྱ་སྤྱོད་དེ་དག་ལ་ཨ་མེ་རི་ཁའི་སྲིད་གཞུང་ཡིད་གཏིང་ནས་ཆད་ཡོད་ཅེས་གསལ་བོར་བཀོད་ཡོད།
གསལ་བསྒྲགས་ནང་དུ་ད་དུང་། ཕྱིན་ཆད་ཨན་པེ་ཅིན་སན་གྱི་ལོ་རྒྱུས་ཀྱི་གོ་རྟོགས་དང་འཇར་པན་གྱི་མ་འོངས་པའི་ཁ་ཕྱོགས་ཐད་ཀྱི་གཏམ་སྤྱོད་ལ་དོ་སྣང་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

  འཇར་པན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་རྣམ་འགྱུར་དེ་འདྲ་བསྟན་པར་འཇར་པན་ཕྱོགས་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཡན་ཐེན་ཝུན་ཞུང་གིས་ཉིན་དེར་མྱུར་དུ་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཁིན་ཉི་ཏིས་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁས་ཨན་པེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བའི་བྱ་སྤྱོད་དེར་རྒྱུས་ལོན་བྱེད་རྒྱུའི་རེ་བ་བཏོན་ནའང་། ཁིན་ཉི་ཏིས་ཀྱིས་ཁོས་དོན་དེ་ཨ་རིའི་སྲིད་གཞུང་ལ་ཞུ་ངེས་ཡིན་ཞེས་ལན་བཏབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག