མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་སྲིད་གཞུང་གིས་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།    2013-12-27 10:52

韩政府谴责安倍参拜靖国神社 称逆时代潮流而动.jpg

2013ལོའི་སྤྱི་ཟླ12པའི་ཚེས26ཉིན། འཇར་པན་ཏུང་ཅིན་ནས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་སྲིད་བསྐྱངས་ནས་ལོ་གཅིག་འགོར་བའི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། པར་འདི་ནི་ཨན་པའེ་ཅིན་སན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་གི་མགྲིན་ཚབ་པ། རིག་གནས་ལུས་རྩལ་གནས་སྐོར་པུའུ་ཀྲང་ལིག་ཀྲིན་ལུང་གིས་ཚེས26ཉིན་རྒོལ་གཏམ་གཏོང་བའི་གསལ་སྒྲོག་སྤེལ་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་གནད་དོན་ཐད་ནས་ཡིད་འཕང་བའི་ཚུལ་བསྟན་པ་དང་། དེ་ནི་དུས་རབས་ཀྱི་རྒྱུན་དང་འགལ་བའི་བྱ་སྤྱོད་ཅིག་རེད་ཟེར།

    ལིག་ཀྲིན་ལུང་གིས་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་ཁུར་དང་ཉེན་བརྡ་སྣང་མེད་དུ་བསྐྱུར་ཏེ། བསམ་བཞིན་དུ་འཇར་པན་གྱི་མི་སེར་སྤེལ་བ་དང་བཙན་འཛུལ་ལོ་རྒྱུས་ཡག་བཤད་བྱས་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་འཐབ་འཁྲུག་ནག་ཉེས་བཟོ་མཁན་གཙོ་བོར་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་ཧན་གོའི་སྲིད་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཟེར།

    ལིག་ཀྲིན་ལུང་གིས་བཤད་རྒྱུར། ཅིན་གོ་ལྷ་ཁང་ནི་ལོ་རྒྱུས་ཀྱི་རྒྱུན་དང་འགལ་བའི་བཟོ་སྐྲུན་ཞིག་ཡིན་པ་དང་། དེའི་ནང་བཟོད་སྒོམ་བྱེད་ཐབས་བྲལ་བའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་འཐབ་འཁྲུག་ཉེས་ཅན་དག་ལ་མཆོད་འབུལ་བྱས་ཡོད། ཨན་པའེ་ཅིན་སན་གྱིས་མཇལ་ཕྱག་བྱས་པའི་བྱ་སྤྱོད་དེ་ལས་ཁོའི་ནོར་འཁྲུལ་གྱི་ལོ་རྒྱུས་ལྟ་བ་མཚོན་ཡོད་པ་དང་། ཧན་གོ་དང་འཇར་པན་གྱི་འབྲེལ་བ་དང་ཐ་ན་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་གཏན་འཇགས་དང་མཉམ་ལས་འབྲེལ་བར་གནོད་པ་ཆེན་པོ་བཟོས་ཡོད་ལ། དེ་ནི་དུས་རབས་ཀྱི་རྒྱུན་དང་འགལ་བའི་བྱ་སྤྱོད་ཅིག་རེད་ཟེར།

    ལིག་ཀྲིན་ལུང་གིས་ནན་གྱིས་བསྟན་དོན། གལ་ཏེ་འཇར་པན་གྱིས་འཛམ་གླིང་གི་ཞི་བདེའི་ཐད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ན། ཐོག་མར་ནོར་འཁྲུལ་གྱི་ལོ་རྒྱུས་ལྟ་བ་བསྐྱུར་ནས་འདས་སོང་ཁས་ལེན་བྱས་ཤིང་། འཐབ་འཁྲུག་གི་ནག་ཉེས་ཡག་བཤད་མི་བྱེད་པར། བསམ་བློ་ཡག་པོ་བཏང་སྟེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་བཙན་འཛུལ་ཐེབས་པའི་ཁྱིམ་མཚེས་རྒྱལ་ཁབ་དང་དེའི་རྒྱལ་དམངས་ལ་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་ནས། ཉེ་འཁོར་རྒྱལ་ཁབ་དག་གི་ཡིད་ཆེས་ཐོབ་པར་བྱེད་དགོས་ཟེར།

    ཧན་གོའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་དང་པོ་ཅིན་ཁོས་ཞན་གྱིས་ཉིན་དེའི་ཕྱི་དྲོར་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཚང་ཅིན་ཀའོ་ཀྲི་ལ་ཐུག་འཕྲད་བྱས་པ་དང་། ཧན་གོའི་སྲིད་གཞུང་གིས་དོན་དེར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྒྱུད་སྒྲོག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག