མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་སྲིད་ཏང་མང་བོས་ཨན་པའེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་སྐྱོན་བརྗོད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:51

日本多个政党批评安倍参拜靖国神社.jpg

2013ལོའི་སྤྱི་ཟླ12པའི་ཚེས26ཉིན། འཇར་པན་ཏུང་ཅིན་ནས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱེད་པར་མ་འཛེམ་པར་འཛམ་གླིང་འཁྲུག་ཆེན་གཉིས་པའི་འཐབ་འཁྲུག་ནག་ཉེས་བཟོ་མཁན་གཙོ་བོར་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་དབང་དམངས་གཙོ་ཏང་དང་སྲིད་འཛིན་མནའ་འབྲེལ་བཙུགས་པའི་ཀུང་མེན་ཏང་སོགས་འཇར་པན་གྱི་སྲིད་ཏང་མང་བོས་ཚེས26ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨེ་ཤ་ཡཱའི་ཁྱིམ་མཚེས་རྒྱལ་ཁབ། འཇར་པན་མང་ཚོགས་བཅས་ཀྱིས་ངོ་རྒོལ་བྱེད་པ་སྣང་མེད་དུ་བསྐྱུར་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་འཐབ་འཁྲུག་ནག་ཉེས་བཟོ་མཁན་གཙོ་བོར་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས།

    ཀུང་མེན་ཏང་གི་ཏང་གཙོ་ཧྲན་ཁུག་ནཱ་ཅིན་ནན་གྱིས་བཤད་རྒྱུར། ཁོས་ཐེངས་མང་བོར་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པའི་རེ་བ་བཏོན་མྱོང་ལ། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད། ཨན་པའེ་ཅིན་སན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྐྱོན་བརྗོད་དང་ངོ་རྒོལ་ཐེབས་པ་ཤེས་བཞིན་དུ་མཇལ་ཕྱག་བྱས་པ་ཡིན་པས། ཁོས་གནད་དོན་དེ་དག་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

    དེ་ལས་གཞན་སྲིད་དབང་བཟུང་མེད་པའི་ཏང་ཁག་མང་བོས་ཀྱང་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས། འཇར་པན་དམངས་གཙོ་ཏང་གི་སྲིད་ཇུས་རྟོག་ཞིབ་ཚོགས་པའི་ཚོགས་གཙོ་ཡུན་ཅིན་ཁྲུང་གིས་བཤད་རྒྱུར། དབུ་བཞུགས་བློན་ཆེན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་ལས་འཇར་པན་དང་ཀྲུང་གོ། ཧན་གོ་བཅས་བར་གྱི་འབྲེལ་བར་གནོད་པ་ཆེན་པོ་ཐེབས་སྲིད་ལ། དེ་ནི་ཨ་མེ་རི་ཁའི་མཐོང་མི་འདོད་པའི་དོན་ཞིག་རེད་ཟེར། འཇར་པན་གུང་ཁྲན་ཏང་གི་ཨུ་ཡོན་ཀྲང་ཀྲི་ཝེ་ཧི་ཧྥུའུ་ཡིས་བཤད་རྒྱུར། ཨན་པའེ་ཅིན་སན་གྱིས་འཛམ་གླིང་ཡོངས་ལ་འཇར་པན་གྱིས་བཙན་འཛུལ་འཐབ་འཁྲུག་ཡག་བཤད་བྱེད་པའི་ལངས་ཕྱོགས་བསྟན་པ་ཡིན་པས་དེ་ནི་གཏན་ནས་མི་རུང་བ་ཞིག་རེད་ཟེར།

    ཨན་པའེ་ཅིན་སན་གྱིས་ཚེས26ཉིན་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒོལ་གཏམ་དྲག་པོ་བཏང་། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅིན་ཀང་གིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་སྲིད་གཞུང་འཇར་པན་གྱི་མགོ་ཁྲིད་པས་ཀྲུང་གོ་དང་འཐབ་འཁྲུག་གི་གནོད་པ་ཐེབས་པའི་ཨེ་ཤ་ཡཱའི་རྒྱལ་ཁབ་གཞན་པའི་མི་དམངས་ཀྱི་བརྩེ་སེམས་ལ་རྡོག་བརྫིས་གཏོང་བ་དང་། ལོ་རྒྱུས་ཀྱི་དྲང་བདེན་དང་མིའི་རིགས་ཀྱི་བཟོད་བསྲན་ལ་མངོན་སུམ་དུ་འགྲན་སློང་བའི་བྱ་སྤྱོད་ལ་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཅིང་། འཇར་པན་ཕྱོགས་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག