མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཀ་ཏཱ་ནས་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་ཚེས25ཉིན་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པར་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་བ་དང་། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།

པཱ་ཀ་ཏཱའི་ལྷོ་ཕྱོགས་ཀྱི་ཏའོ་ལཱ་ས་ཁུལ་གྱི་ཆོས་ཁང་ཞིག་གི་ཉེ་འདབས་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག སྐབས་ཐོག་དེར་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་མང་བོ་ཆོས་ཁང་དེར་འདུས་ཏེ་ཡེ་ཤུའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད།

ཉིན་དེའི་སྔ་དྲོར་དེའི་ཉེ་འདབས་ཀྱི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པའི་སྡོད་ཁུལ་ཡཱ་སུང་ལིན་གྱི་ཚོང་ར་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར།

མིག་སྔར་ད་རུང་མི་སྒེར་དང་རྩ་འཛུགས་གང་རུང་གིས་འགས་གཏོར་དོན་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁས་ལེན་བྱས་མེད་ཀྱང་། དབྱི་རག་གི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པའི་སྡོད་ཁུལ་ལ་ཐེངས་མང་བོར་རྟེན་གཞིའི་རྩ་འཛུགས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་པ་དང་། རྒྱུ་མཚན་ནི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་ནི་ཁོ་ཚོ་དང་ཆོས་ལུགས་མི་གཅིག་པས་རེད། དབྱི་རག་ཏུ་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་ཧ་ལམ་འབུམ་བཞི་དང་འབུམ་དྲུག་ཙམ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག