མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་མེ་སྒོར་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲི་ཁི་གཉིས་ཀྱིས་ཚེས25ཉིན་མའོ་སི་ཁི་ནས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་གྱི་ཆེས་མཐོའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་གཞི་གཅིག་ཅན་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་རྒྱས་སོགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨུ་རུ་སི་དཀར་པོར་མེ་སྒོར་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཐག་བཅད།

ཕུའུ་ཅིན་དང་ལུའུ་ཁཱ་ཧྲིན་ཁི་གཉིས་ཀྱིས་ཉིན་དེའི་གྲོས་ཚོགས་གྲོལ་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། ཕུའུ་ཅིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་ཚོགས་སྟེང་དེང་སྐབས་འཛམ་གླིང་ཡོངས་ཀྱི་ཚོང་རའི་གནས་ཚུལ་ལ་གཞིགས་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བཞི་ལོར་ཨུ་རུ་སི་དཀར་པོར་མེ་སྒོར་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། ཕུའུ་ཅིན་གྱིས་ལུའུ་ཁཱ་ཧྲིན་ཁི་དང་མཉམ་དུ་བསྡུས་པའི་ཁྱབ་ཁོངས་ཆུང་ངུའི་གྲོས་མོལ་སྐབས་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་དེ་ཕྱོགས་མང་བོ་ནས་གཞི་གཅིག་ཅན་གྱི་རང་བཞིན་ལྡན་པའི་རྩ་འཛུགས་གཞན་དག་ལས་ཁྱད་དུ་འཕགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་བསྒྲུབས་པའི་བྱ་བ་ཡོད་ཚད་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རིམ་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཟེར།

སྤྱི་ཟླ12པའི་ཚེས17ཉིན། ཨུ་རུ་སི་དང་བུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་བར་གྱི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཕན་བདེ་ཐེབས་རྩའི་ཁྲོད་ནས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་བླངས་ནས་བུའུ་ཁི་ལན་གྱིས་འགྲེམ་སྤེལ་བྱས་པའི་ཡོ་སྒོར་དངུལ་འཛིན་ཉོ་བའི་ཐད་བཀོལ་ཏེ་བུའུ་ཁི་ལན་གྱི་ནོར་སྲིད་སྔོན་རྩིས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ནམ་རྒྱུན་ནོར་སྲིད་ལ་དཀའ་ཁག་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་རོགས་རམ་བྱེད་པ་ལས་ཕུའུ་ཅིན་གྱིས་གཞི་གཅིག་ཅན་ལ་མཐོང་ཆེན་བྱེད་པ་དང་། ཨུ་རུ་སི་ཡིས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པའང་མཚོན་ཡོད་ཟེར། ཟླ་འདིའི་ཚེས24ཉིན་གྲོལ་བའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ནས། མིག་སྔར་ཨུ་རུ་སི་དང་། ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་ཀྱིས་གྲུབ་པའི་སྒོ་ཁྲལ་མནའ་མཐུན་དེ2015ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དུ་བར་བརྒལ་བྱེད་རྒྱུ་ཐག་བཅད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག