མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མར་ཞི་བདེ་སྲུང་སྐྱོབ་དམག་མི་སྟོང་དྲུག་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས24ཉིན་གྲོས་ཆོད་བཀོད་དེ། གནས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པར་དམག་མི་སྟོང་དྲུག་ཙམ་ཁ་སྣོན་བྱས་ཏེ་དམག་མི་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཇེ་མང་དུ་བཏང་སྟེ། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད།

གྲོས་ཆོད་ལས་བཤད་རྒྱུར། སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་དམག་མི་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་དང་། ཉེན་རྟོག་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་གསུམ་ལ་ཇེ་མང་དུ་གཏོང་རྒྱུ་རེད། སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པར་མིག་སྔར་དམག་མི་དང་ཉེན་རྟོག་པ་སྟོང་བདུན་ཡོད་པ་དང་། རང་གི་བཅའ་སྡོད་ས་ཁུལ་དུ་ཡོད་པའི་མི་སེར་དཀྱུས་མ་ཁྲི་བཞི་དང་སྟོང་ལྔ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

ཁ་སྣོན་བྱས་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་དག་གིས་མྱུར་མོར་ལས་འགན་ལག་བསྟར་བྱེད་དུ་འཇུག་ཆེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲུང་ཡིག་ཆེན་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གཞན་པར་མཐུན་སྦྱོར་བྱས་ཏེ། དམག་ཤུགས་སྐོང་འཐེན་བྱེད་རྒྱུའི་དབང་ཆ་གནང་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་སུའུ་ཏན་ལྷོ་མའི་དྲག་ཆས་ཚོགས་ཁག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་འདུས་པའི་ཕྱོགས་སོ་སོའི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་དང་། ཚེས་བཅུ་དགུའི་ཉིན་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་སྒར་སར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་མྱུར་དུ་ཕན་ཚུན་དགྲར་འཛིན་གྱི་བྱ་སྤྱོད་མཚམས་བཞག་སྟེ་གྲོས་མོལ་བྱས་ནས་ཉམས་ཉེན་དེ་མྱུར་དུ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་དམག་མི་སྟོང་ལྔ་དང་ལྔ་བརྒྱ་དང་ཉེན་རྟོག་པ་བཞི་བརྒྱ་བཞི་བཅུ་ཁ་སྣོན་བྱེད་པར་ཐག་བཅད་པ་དེ་བདེ་སྲུང་དང་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྒར་སའི་སྟོབས་ཤུགས་ཇེ་ཆེར་གཏོང་བར་ཕན་ཐོགས་ཡོད་ཟེར། ཁོས་བསྟན་དོན། སུའུ་ཏན་ལྷོ་མའི་གནས་བབ་བརྟན་འཇགས་མིན་པས་ཆེད་མངག་ཚོགས་པའི་དམག་ཤུགས་ཁ་སྣོན་བྱས་ཀྱང་མི་སེར་དཀྱུས་མ་རེ་རེར་སྲུང་སྐྱོབ་བྱེད་ཐབས་མེད། སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་འགན་ཁུར་བའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། ཆབ་སྲིད་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཞི་བས་ཐག་གཅོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཕིས་ལེ་ཡིས་ཚེས24ཉིན་སུའུ་ཏན་ལྷོ་མའི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོ་མོས་བཤད་རྒྱུར། བཅའ་ཁྲིམས་ཀྱི་སྒྲིག་ལམ་དང་འགལ་ཞིང་རིགས་རྒྱུད་ལ་དམིགས་པའི་དམར་གསོད་དང་། གང་འདོད་དུ་བཀག་འཇུག་བྱས་པའི་དོན་རྐྱེན་ཐོ་འགོད་བྱས་ཡོད་ལ། མཐུན་སྒྲིལ་ཀྲིག་གི་པིན་ཐིས་བུའུ་ནས་མི་མང་བོ་བསད་པའི་བེམ་པོ་རྙེད་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གི་སྙན་ཞུ་ལྟར་ན། སུའུ་ཏན་ལྷོ་མའི་ཉམས་ཉེན་ལས་ཉུང་མཐར་ཡང་མི་ཁྲི་བརྒྱད་དང་སྟོང་གཅིག་ཁྱིམ་གཞིས་དང་བྲལ་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག