མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་དམག་དཔུང་ལ་རྟོག་ཞིབ་བྱས་ཏེ་ཁྲའོ་ཞན་གྱི་དཀྲུག་འཕེན་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་དགོས་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:32

朴槿惠就任后首视察部队.jpg

སྤྱི་ཟླ12པའི་ཚེས24ཉིན། ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་ཤར་ཕྱོགས་ཀྱི་ཅང་ཡོན་ལམ་གྱི་དབྱང་ཁུག་ཅོན་དུ་བཅའ་སྡོད་བྱེད་པའི་ཁྲི་ཤོག་བཅུ་གཉིས་པའི་ཁོངས་གཏོགས་དམག་དཔུང་ལ་རྟོག་ཞིབ་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས24ཉིན་སྔ་གཞུག་ཏུ་རྒྱལ་ཁབ་རང་གི་དམག་དཔུང་འགར་འཚམས་འདྲི་བྱས་པ་དང་། དེ་ནི་ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་དམག་དཔུང་ལ་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་བྱེད་སྐབས། ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་དཔོན་དམག་གིས་ཁྲའོ་ཞན་གྱི་དཀྲུག་འཕེན་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་དགོས་པའི་འབོད་སྐུལ་བཏང་།

    བསྒྲགས་པའི་གནས་ཚུལ་ལྟར་ན། ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་ཅང་ཡོན་ལམ་ལིན་ཐིས་ཅོན་དུ་ཡོད་པའི་ཁྲི་ཤོག་བཅུ་གཉིས་པའི་དམག་མི་གསར་བའི་སློབ་གསོའི་དམག་དཔུང་དང་། ཅང་ཡོན་ལམ་དབྱང་ཁུག་ཅོན་གྱི་དབུས་ཤར་དུ་ཡོད་པའི་ཁྲི་ཤོག་བཅུ་གཉིས་པའི་དམག་དཔུང་ཁག་ཅིག་དང་གཡུལ་སའི་སོ་ལྟ་ཁང་སོགས་ལ་འཚམས་འདྲི་བྱས་ཤིང་། ཁྲའོ་ཞན་དམག་དཔུང་གི་གནས་ཚུལ་དང་ཧན་གོའི་དམག་དཔུང་གི་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ལེན་བྱས་པར་མ་ཟད། དཔོན་དམག་དག་ལ་སྐུལ་མ་བཏང་།

    ཕེའོ་ཅིན་ཧོས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་བདེ་འཇགས་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་དང་། ལས་རིགས་སོ་སོས་ཁྲའོ་ཞན་གྱིས་བསླང་སྲིད་པའི་དཀྲུག་འཕེན་བྱ་སྤྱོད་ལ་སྔར་ལས་སེམས་ཁུར་བྱེད་བཞིན་ཡོད་ལ། ཁྲའོ་ཞན་གྱི་དཀྲུག་འཕེན་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་ཐབས་མཆོག་ནི་འཇབ་རྒོལ་བྱེད་ཐབས་བྲལ་བའི་བདེ་འཇགས་ཀྱི་རྣམ་པ་བསྐྲུན་རྒྱུ་དེ་ཡིན་ཟེར།

    ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། ཁྲའོ་ཞན་གྱིས་དཀྲུག་འཕེན་བྱ་འགུལ་སྤེལ་ན་ང་ཚོས་བརྩེ་བ་མེད་པར་རྒོལ་ལན་སྤྲད་དེ་རྒྱལ་ཁབ་དང་རྒྱལ་དམངས་ལ་སྲུང་སྐྱོབ་བྱེད་དགོས། ང་རང་དམག་དཔུང་གི་བརྡར་གཅོད་དང་འཐབ་ཕྱོགས་དང་པོའི་བཀོད་འདོམ་དཔོན་པོའི་ཆོད་དོན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། གནས་ཚུལ་ཅི་འདྲའི་འོག་ཏུའང་ང་ཚོའི་དཔོན་དམག་གིས་རང་ཉིད་ཀྱི་ལས་འགན་ལག་བསྟར་གང་ལེགས་བྱེད་དགོས་ཟེར།

    དེ་ལས་གཞན་ཕེའོ་ཅིན་ཧོས་ཀྱིས་ད་རུང་ཧན་གོའི་རྒྱལ་སྲུང་བློན་ཆེན་ཅིན་ཁོན་ཀྲིན་དང་མཉམ་དུ་གཡུལ་སའི་སོ་ལྟ་ཁང་གི་སྐོར་གཡེང་རྒྱུ་ལམ་ལ་རྟོག་ཞིབ་བྱས་པ་དང་། དངོས་སུ་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། ལས་འགན་ལག་བསྟར་བྱེད་དཔོན་དམག་ལ་སྐུལ་མ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག