མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་དམག་ཤུགས་ཇེ་མང་དུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས23ཉིན་བཤད་རྒྱུར། སུའུ་ཏན་ལྷོ་མའི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་དམག་ཤུགས་ཇེ་མང་དུ་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཉིན་དེའི་སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་ཡོ་ཧན་ཞོན་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམིགས་བསལ་འཐུས་མི་མིན་ཁི་ལི་ཨོ་སི་གཉིས་དང་མཉམ་དུ་བརྙན་འཕྲིན་གྲོས་ཚོགས་བསྡུས་ཏེ། སུའུ་ཏན་ལྷོ་མའི་རིགས་རྒྱུད་དམར་གསོད་ལ་འབྲེལ་བའི་སྙན་ཞུ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

ཕན་ཅི་བུན་གྱིས་བསྟན་དོན། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཁོས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། ཆེད་མངག་ཚོགས་པའི་དམག་ཤུགས་དང་མཁོ་སྒྲུབ་ནུས་པར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། དོན་དེ་བདེ་བླག་ངང་འགྲུབ་པར་ཡར་སྐུལ་བྱེད་ཆེད། ཁོས་ད་རུང་ས་ཁུལ་དེའི་རྒྱལ་ཁབ་མགོ་ཁྲིད་པས་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས23ཉིན་གྱི་ཕྱི་དྲོར་དོན་དེའི་ཐད་ནས་གྲོས་ཚོགས་བསྡུས།

སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པར་མིག་སྔར་དམག་མི་དང་ཉེན་རྟོག་པ་སྟོང་བདུན་ཡོད་པ་དང་། སུའུ་ཏན་ལྷོ་མའི་བཅའ་སྡོད་བྱེད་ས་སོ་སོར་སྡོད་པའི་མི་སེར་དཀྱུས་མ་ཁྲི་བཞི་དང་སྟོང་ལྔ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཕན་ཅི་བུན་གྱིས་བཤད་རྒྱུར། མིག་སྔར་ད་རུང་དམག་མི་ག་ཚོད་ཁ་སྣོན་བྱེད་པའི་འཆར་གཞི་ཡོངས་བསྒྲགས་བྱེད་མི་རུང་ཟེར།

ཕན་ཅི་བུན་གྱིས་བསྐྱར་སྒྲོག་བྱས་དོན། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་ཆབ་སྲིད་ཀྱི་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་དང་། མུ་མཐུད་དུ་འབྱུང་བཞིན་པའི་རིགས་རྒྱུད་བར་གྱི་དྲག་ཤུགས་དོན་རྐྱེན་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་བསྐྱར་སྒྲོག་བྱས། དེ་ལས་གཞན་སུའུ་ཏན་ལྷོ་མའི་ཉེ་འཁོར་རྒྱལ་ཁབ་དག་གིས་ཀྱང་འགུལ་སྐྱོད་ནུས་ལྡན་སྤེལ་ཏེ་གནས་བབ་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག