མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་ཨ་མེ་རི་ཁས་ལྐོག་ཉན་ལ་སྔོན་འགོག་བྱེད་པའི་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གི་གླག་མིག་དང་ཙིག་རྣ་ཞེས་པ་གང་སར་ཁྱབ་ཡོད་ཅིང་། ཐ་ན་ཨ་མེ་རི་ཁའི་འཐབ་ཇུས་མནའ་མཐུན་གྲོགས་པོ་དབྱི་སི་རལ་ལའང་ལྐོག་ཉན་བྱེད་བཞིན་ཡོད། དབྱི་སི་རལ་ལ་དམིགས་པའི་ལྐོག་ཉན་བྱ་སྤྱོད་ཐེར་འདོན་བྱས་རྗེས། དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་རིགས་དེ་མཚུངས་ཀྱི་གསང་མྱུལ་བྱ་འགུལ་མི་སྤེལ་བར་ཁས་ལེན་དགོས་པའི་རེ་བ་བཏོན་པར་མ་ཟད། ཨ་མེ་རི་ཁའི་བར་ལྐོག་ཉན་སྔོན་འགོག་གི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

དབྱི་སི་རལ་གྱི་རྒྱལ་སྤྱིའི་འབྲེལ་བའི་པུའུ་ཀྲང་དང་འཐབ་ཇུས་དང་གསང་འཕྲིན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཐེ་ནེ་ཚི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། དབྱི་སི་རལ་དང་ཨ་མེ་རི་ཁ་ནི་གསང་འཕྲིན་ཁྱབ་ཁོངས་ཀྱི་མནའ་མཐུན་གྲོགས་པོ་ཡིན་པ་དང་། ང་ཚོས་གསང་འཕྲིན་རྒྱུ་ཆ་མང་བོར་མཉམ་སྤྱོད་བྱས་མྱོང་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཨ་མེ་རི་ཁའི་ཙུང་ཐུང་དང་ཕོ་བྲང་དཀར་པོ། རྒྱལ་སྲུང་བློན་ཆེན་བཅས་ལ་ལྐོག་ཉན་བྱས་མ་མྱོང་ཟེར། དབྱི་སི་རལ་དང་ཨ་མེ་རི་ཁའི་གསང་འཕྲིན་ཐད་ནས་མཉམ་ལས་ཟབ་མོ་བྱེད་པར་དམིགས་ནས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་ལྐོག་ཉན་དང་ལྐོག་ལྟ་བྱེད་མི་རུང་ཟེར། ཁོས་དབྱི་སི་རལ་དང་ཨ་མེ་རི་ཁས་འབྲེལ་ཡོད་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། དབྱི་སི་རལ་གྱི་སྐྱེལ་འདྲེན་བློན་ཆེན་ཁཱ་ཚི་ཡིས་ཨ་མེ་རི་ཁས་རིགས་དེ་མཚུངས་ཀྱི་གསང་མྱུལ་བྱ་འགུལ་མི་སྤེལ་བར་ཁས་ལེན་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག